R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༦༩
[A:༡༦༩]ཐོབ་པའི་རིམ་པ་དང༌། །བླ་མ་བརྒྱུད་པའི་ཕྲེང་མཛེས་བཀོད་པར་བྱ། །དེ་ལྟར་ན་མཆོག་གི་གོ་འཕངས། སངས་རྒྱས་ཀྱི་སར་སྙེགས་པའི་བློ་གྲོས་དང༌། བསྐལ་བ་ཅན་རྣམས་ཀྱི་འཇུག་ངོགས། བསྟན་པ་རིན་པོ་ཆེའི་སྙིང་པོ། ཟབ་མོ་རྡོ་རྗེ་ཐེག་པའི་བཀའ་དྲི་མ་མེད་པ། ཆོས་ཀྱི་རྗེ་སེམས་དཔའ་ཆེན་པོ་ཤཱཀྱའི་མཚན་ཅན་ལས་ནོད་པ་རྣམས་ཀྱི་རིམ་པ་ནི། རེ་ཞིག་བུ་སྟོན་རིན་པོ་ཆེས་བསྒྲིགས་པའི་གོ་རིམ་གཞིར་བཞག་པ་ལ། འདིར་གསང་སྔགས་ཀྱི་རྒྱུད་སྡེ། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་བླ་ན་མེད་པ་དང་བཞིའོ། །བཞི་པ་ལ་གཉིས་སུ་མེད་པའི་རྒྱུད། ཤེས་རབ་རྣལ་འབྱོར་མའི་རྒྱུད། ཐབས་རྣལ་འབྱོར་ཕའི་རྒྱུད་དང་གསུམ་གྱི་དང་པོ་ནི། ཀ་པ་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུང་བ། རྩ་བའི་རྒྱུད་ཀྱི་དུམ་བུ་མདོར་བསྟན་པ་ཞེས་བྱ་བ། ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐཱ་དང༌། འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ལས། སྒྲ་ཚད་པ་རིན་རྒྱལ་གྱིས་འགྲེལ་པ་དང་བསྟུན་ནས་དག་པར་བཅོས་པ་དང༌། དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ལེའུར་ལྔ་པ། པཎྜི་ཏ་སོ་མ་ནཱ་ཐཱ་དང༌། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ལས། དུས་ཕྱིས་ཤོངས་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་དག་པར་བཅོས་པ་དང༌། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ་ཕྱི་མ་གཉན་ལོ་ཙཱ་བ་དར་མ་གྲགས་ཀྱི་བསྒྱུར་བ། བསྡུས་པའི་རྒྱུད་ཀྱི་བརྒོལ་བ་དུམ་བུའི་རྒྱུད་ཀྱི་སྙིང་པོ་ཞེས་བྱ་བ།
འདིར་དཀར་ཆག་ཏུ་མ་བྱུང༌
། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ། དུས་འཁོར་བསྡུས་རྒྱུད་ལས་དཱ་རི་ཀཱ་པས་ཕྱུང་བ་དབང་གི་རབ་ཏུ་བྱེད་པ་ལོ་ཙཱ་བ་རྭ་ཆོས་རབ་ཀྱིས་བསྒྱུར་བ་རྣམས་ཀྱི་བརྒྱུད་པ་ནི།
འདི་དཀར་ཆག་དུ་མ་བྱུང༌
། བྱང་ཆུབ་སེམས་དཔའི་སྤྲུལ་པ་གཅིག་ལ། དགེ་སློང་བསོད་སྙོམས་པ་ཆེན་པོས་གསན། དེ་ལ་ལྷོ་ཕྱོགས་ཀྱི་བྲམ་ཟེ་དཱ་རི་ཀཱ་པ། ཙི་ལུ་པཎྜི་ཏ། དུས་