[A:༥༨]པའི་ཡིག་ཆའི་རིམ་པ་ལ། དབང་གི་ཆོ་གའི་སྔོན་དུ་འགྲོ་བ་སོགས། ཆོ་ག་བདུན་གསུམ་ཉི་ཤུ་རྩ་གཅིག དེ་དག་གི་གནད་རྒྱས་པར་སྟོན་པའི་ཆོ་ག་ལྔ་གསུམ་བཅོ་ལྔ་དང་བཅས་པས། ཐུན་མོང་དུ་བུམ་དབང་བཅུ་གཅིག་རྒྱས་པར་བསྐུར་བའི་ཚུལ། བཅུ་གཉིས་པ་ཐུན་མོང་མ་ཡིན་པའི་བུམ་དབང༌། རྡོ་རྗེ་སློབ་དཔོན་བདག་པོའི་དབང༌། དབང་གོང་མ་གཞན་ལུས་ཤེས་ལྡན་ལམ་གྱི་དབང་གསུམ། དེ་དག་རེ་རེ་ལའང་གསང་དབང་གི་བུམ་དབང་སོགས་བཞི་བཞིར་ཕྱེ་ནས་བསྐུར་བའི་ཚུལ། རྣལ་འབྱོར་དབང་ཕྱུག་ཤྲཱི་ཛ་ག་ཏ་མི་ཏྲ་ཨ་ནནྟའི་ཞལ་གདམས་མཐར་ཐུག དབང་བསྐུར་བ་དེ་དག་འབྲེལ་བའི་བསྐྱེད་པའི་རིམ་པ་དང༌། གཙོ་བོར་རྫོགས་རིམ་སྟོན་པའི་གཞུང་རྡོ་རྗེ་མཁའ་འགྲོའི་ཞལ་ནས་དངོས་སུ་གསུངས་པ་རྡོ་རྗེ་སྦས་པའི་གསང་ལམ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་སྣུབས་མི་བསྐྱོད་རྡོ་རྗེའི་འགྱུར། མངོན་རྟོགས་ཡབ་ཡུམ་ལྷན་སྐྱེས་དང༌། ཉི་ཤུ་རྩ་ལྔའི་སྒྲུབ་ཐབས་རྒྱས་པ། པཎྜི་ཏའི་གསུང་བཞིན་ལོ་ཙཱ་བས་བཀོད་པ། ལྷ་བཅུ་བདུན་གྱི་སྒྲུབ་ཐབས་སློབ་དཔོན་མི་ཕམ་སྦས་པས་བསྡུས་པ། ཤྲཱི་མི་ཏྲ་དང༌། སྣུབས་ལོའི་འགྱུར། རལ་གཅིག་གི་རྣལ་འབྱོར་གྱི་ཆོ་ག་རྣམ་གསུམ། རྫོགས་རིམ་གྱི་སྐོར་ལ། གཞན་ལུས་ཤེས་ལྡན་ལ། རྨོངས་པ་སྤང་བའི་དོན་དུ་སྔ་ཁྲིད་ཀྱི་རིམ་པ་ནི། བྱང་སེམས་ཀྱི་དཀར་ཁྲིད། འོག་སྒོ་བདེ་ཆེན་གྱི་ལམ་ལ། ཚན་པ་ལྔའི་ཉམས་མྱོང་དགའ་བ་བཞིའི་ཁྲིད། ལྕགས་ཀྱུའི་འདུལ་ཁྲིད། ཏིང་ངེ་འཛིན་གྱི་རྩལ་ཁྲིད། སྒྲ་གཅན་གྱི་གཟའ་ཁྲིད་རྣམས་སོ། །ཡང༌། ཡེ་ཤེས་འཕོ་བའི་བྱིན་བརླབས་ཀྱི་ཆོ་ག རང་ལུས་ཐབས་ལྡན་གྱི་གདམས་པ་དེ་ཁོ་ན་ཉིད་རྡོ་རྗེ་སྦས་པའི་གསང་ལམ། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི་དངོས་གཞི་ལ། རྩ་རླུང་ཐིག་ལེ་མན་ངག་གསུམ་དང༌། སེམས་ལ་གཙོ་བོར་རྟེན་པའི་མན་ངག་རང་དབང་རང་གིས་སྒྱུར་