[A:༦༢]བཙུགས་ནས་འདུག་མཁའ་འགྲོ་མ་ཡིན་སྙམ་པ་ཅིག་ན་རེ་སྐས་འདི་ལ་འཛེགས་ཤིག །སྟེང་དུ་ཐོན་པ་དང་མཁའ་སྤྱོད་དུ་སྤྱན་འདྲེན་པ་ཡིན། འདི་ཀ་ན་བསུ་བས་སླེབས་ཡོད་དེ་རོལ་མོའི་སྒྲ་དང་བཅས་པ་འདི་ཡིན་ཟེར་ནས་རོལ་མོའི་སྒྲ་གྲག་ཅིང་འདུག་པ་ལ། མཁའ་སྤྱོད་པ་ལ་ངས་ཁས་འཆད་རྒྱུ་མེད། ད་རུང་འདི་ན་དོན་ཆེ་བས་འདིར་སྡོད་གསུངས་སོ། །ཡང་ཕྱི་རོལ་ནེའུ་གསེང་ཞིག་གི་སྟེང་ན་གསེར་གྱི་ཀོར་ཀོར་འཕང་ལོ་ཙམ་ཞིག་འདུག་པ་ལ། འདིའི་སྟེང་དུ་གདན་ཐིངས་ལ་བཞུགས་ཤིག །གདན་བཏེག་ནས་མཁའ་སྤྱོད་དུ་འགྲོ་བ་ཡིན་ནོ་ཟེར་བ་ལ། ད་རུང་འདི་ན་དོན་ཆེ་བས་འདིར་སྡོད་གསུངས་པ་དང་མནལ་སད་དོ། །སྤྱིར་རྗེ་བ་ལ་མནལ་ལམ་གྱི་དུས་སུ་བླ་མ་རྣམས་དང་མཇལ་ཞིང་ཐེ་ཚོམ་དུ་མ་སེལ་བར་བྱེད་པ་ཡིན་ཞིང༌། ཡང་དགུང་ལོ་དྲུག་ཅུ་རྩ་བདུན་པའི་དུས་ན། སྟོན་ཟླ་བ་དབྱུག་པའི་ཚེས་དྲུག་འདས་པའི་ཐོ་རངས་མནལ་ལམ་དུ་བླ་མ་ཆེན་པོ་མཇལ་ནས་དྲི་བ་དང༌། དེའི་ལན་གྱིས་ཐེ་ཚོམ་དུ་མ་སེལ་བར་མཛད་ནས་ཡང་བླ་མའི་ཞལ་ནས། ཁྱོད་ཀྱི་བསམ་པ་ལ་ལོངས་སྐུ་དང་སྤྲུལ་སྐུ་གང་བཟང་བསམ་གསུངས་པ་ལ་སྤྱིར་རྒྱལ་བ་ཁྱུ་མཆོག་ཅེས་བྱ་བ་གཞན་དོན་བྱེད་པ་ལ་སྤྲུལ་སྐུ་རང་གཙོ་བོར་སྣང་ཡང༌། ངོ་བོ་ལ་སངས་རྒྱས་གཅིག་གི་རྣམ་འཕྲུལ་ལ་བཟང་ངན་མེད་ལ། གལ་ཏེ་བཟང་ངན་དུ་བལྟ་ན་སྤྲུལ་བྱེད་ལགས་པས་ལོངས་སྐུ་རང་བཟང་བ་མ་ལགས་སམ་ཞེས་ཞུས་པས་བུ་དེ་ཙུག་ཡིན། ཁྱོད་ཀྱིས་གོ་འདུག་གསུང་ངོ༌། །ཡང་བླ་མའི་གཡས་ཕྱོགས་ན་ཀྱེ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲིན་ནམ། ན་བུན་ནམ། འཇའ་ཚོན་གྱི་རྣམ་པ་འདུག་པ་མཐོང་བ་དང༌། བླ་མའི་ཞལ་ནས། ཁྱོད་བཙུན་པ་གྱིས་གསུངས་པ་ལ། ད་བདག་ལོ་བདུན་ཅུ་ལ་སྣ་གཏད་མཁན་པོ་རན་པ་ན་ལོ་བརྒྱད་ཅུ་ཐོབ་ཕྱིར་འགྲོ་བ་གདའ་བས་གཞན་དོན་བགྱིད་པ་རང་འཕྱིས་ནས་མཆི་བར་མི་གདའ་ཡེ། མ་འཕྱིས་ན་མཁན་སློབ་རང་ཡང་མོས་པ་མི་རྙེད་པར་གདའ་ཞེས་