R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 145
[A:145]རང་ཆོས་ཤེས་པ་དེ་ཡིན། ད་སྡུག་བསྔལ་བྱས་པས་ཅི་ལ་ཕན། ཁྱེད་བློ་བདེ་བ་ཚོ་ལ་ཞག་བདུན་བརྒྱད་ནས་ཡང་བློ་མི་བདེ་བའི་རེས་འབབ་ལས་ཆེ། དེ་དུས་ཁའི་སྡུག་བསྔལ་མན་ན་ངེད་མ་བུའི་ཆོས་འཇིག་རྟེན་གྱི་དམ་ཚིག་དང་ཁྲེལ་བསམ་པའི་ཁུར་མི་ཆུང་བ་རེའི་གོ་ཆ་གྱིས་བྱས་རང་ཤོང་གི་སྤྱིལ་བུར་ཉལ་དུ་ཕྱིན། ཚེས་གཅིག་མན་ཚོགས་པ་བྱིན་གྱིས་ཆོས་མཚམས་བྱས། དྲུང་པ་འདར་པ་རང་ལ་ཆོས་བཤམ་ཞག་བདུན་གྱི་རིང་དབང་ལུང་མ་ལུས་པ་ཉིན་མཚན་ཁ་བསྒྲགས་ནས་རྫོགས་པར་ཕུལ་རྗེས། ཟླ་བ་གསུམ་པའི་ཚེས་བཞི་མན་ཡུམ་རིན་པོ་ཆེ་སྙན་གོང་ཅུང་ཟད་བསྙུང་བའི་ཚུལ་བསྟན་ནས་ཚེས་བདུན་གྱི་མཚན་ཕྱེད་ཙམ་ལ། དགུང་ལོ་ལྔ་བཅུ་ང་གསུམ་སྟེངདུ་རང་གནས་མཁའ་ལ་སྤྱོད་པའི་གནས་ག་ལ་བ་དེར་ཡོངས་སུ་བཞུད་དེ། བདག་དང་མ་མཇལ་ནའང། སྔར་གྱི་སྨོན་ལམ་དེ་ཡི་གེར་བྲིས་པའི་ཐོ་ཅིག་ཕུལ་བ་སྤྱན་གྱིས་ལན་གསུམ་གཟིགས། ཐུགས་ཀར་སྟུག་སྟུག་པ་ལན་གསུམ་གནང་རྗེས་ཡི་གེ་སྙན་གོང་དུ་བཅུག་སྐུ་གཞོགས་གཡས་ཕབ་འཕྲལ་རང་གྲོངས་འདུག་པ་བརྫུན་མེད་ཞབས་འབྲིང་པ་རྣམས་ཀྱིས་ངེས་གསལ་དུ་མཐོང། དེ་སྔར་གྱི་བཀའ་ལུང་ཡོད་པས་ཀུན་རིག་མི་འཁྲུགས་པ་སོགས་ཀྱི་ཆོ་གའི་སྒོ་ནས་སྡིག་སྦྱོང་གི་རྣམ་པ་ནི་མི་དགོས་པར་ཐག་ཆོད། རྡོ་རྗེ་རྣལ་འབྱོར་མའི་བསྒྲུབ་མཆོད་ལ་བརྟེན་གསོལ་འདེབས་ཀྱི་ཐུགས་དམ་བསྐུལ། སྔར་དེ་དང་མཇལ་སྟབས་རྣམ་རྒྱལ་ཁོ་ནར་བཞུགས་པ་ཡིན་ཡང། གཤེགས་པ་ངེད་སྐྱེས་པའི་ཕ་ཁྱིམ་རྙིང་པ་དེར་གནང་འདུག་པ། ཁོ་བོ་རང་ལོ་ཉེར་ལྔ་མན་སྐྱེས་ཁྱིམ་གྱི་ཕྱི་ཐེམ་ལ་གོམ་པ་མི་འཇོག་པའི་དམ་བཅའ་ཡོད་པས་གདུང་མཇལ་ལ་མ་ཕྱིན། ཡུམ་ཉིད་ཀྱི་སྐུ་རྒྱན་གསེར་གཡུ་མུ་