R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 163
[A:163]རྟེན་ཁེབས་ཟུར་བསྒྲིགས་སྒོ་ཚད་མ་གཅིག་རྣམས་ཕུལ། ཉི་མ་གསུམ་ཞབས་དྲུང་དུ་ངལ་བསོ་བགྱིས་ཏེ་སླར་ཤར་ལ་འོངས་པས། དཔལ་རྡོར་སྔར་ཤངས་སུ་ཁྱུང་པོའི་བྲིས་ཐང་ཆེན་མོ་ཕལ་ཐོག་གཉིས་ཡོད་ངེས་དང། སོར་ཐོག་གི་རྒྱུད་སྡེ་ལྔའི་བྲིས་ཐང་ཐོག་ཚད་མ་གཉིས་ཀྱི་དཔེ་ལེན་ལ་བརྫངས་པས། མཆོག་དཔལ་རབ་རྒྱས་གྲོགས་མཆེད་པས་བཞེངས་གྲུབ་ནས་ཡར་ཡོངས་པ་དང་ཕྲད་རྗེས་ཁྲག་སྣར་ཕྱིན་པས། རིན་པོ་ཆེ་འཕགས་ཆེན་དང་མཇལ་གསེར་ཞོ་གསུམ་གྱི་མཎྜལ་ཕུལ། དེ་དང་སླར་ལོག་མོན་འགྲོ་བསྒྲགས་པར་ཞག་བཅུ་བཅག་མལ་བྱས་པའི་རིང། ཚེ་དབང་ལྷ་དགུ། སྒྱུ་ལམ། ལམ་ཟབ་ཕྱི་ནང། བླ་མ་རིན་འབྱུང་གི་ཞལ་ཤེས་ཁྱད་པར་ཅན། རིགས་ལྔ་བླ་སྒྲུབ། བིར་བསྲུངས་རྣལ་འབྱོར་མ། གཅེས་བསྡུས་ནས་གསུངས་པའི་རྩ་དབུ་མ་ལུགས་གཉིས་ཀྱི་དམིགས་པ། མགོན་པོ་ལྕམ་དྲལ་རྣམས་ཞུས་ནས་གྲྭ་ཚང་ཆེན་མོར། མེས་དྲང་སྲོང་ཆེན་པོའི་དྲུང་དུ་ཚེ་དབང་ལྷ་དགུ། ཀུན་མཁྱེན་ཆེན་པོ་ནམ་བསོད་པའི་བསླབ་བྱ་ཆེན་མོའི་རྩ་ལུང་ཞུས། ནུབ་གཅིག་ཉལ་བས་དགྱེས་པ་རབ་ཀྱི་མཐར་ཕྱིན། ངེད་ལ་ཁྱེད་འདྲ་བའི་ཚ་བོ་འབྱོར་པ་ཤིན་ཏུ་བཟང་ནའང། བུ་དང་ཚ་བོ་གཉིས་ཀ་ཙཀྲ་མེའི་འཁོར་ལོ་ཐོགས་པའི་ཧུར་ཐུམ་ཕཌ་གཉིས་ཀ་འདུག། ཨ་ཕོ་རྒན་པོའི་གྲོས་ལ་ཉན་ན་ལོ་ཆེན་པས་ཁྲིད་བསྐྱངས། སྐུ་མདུན་རྒྱུད་འགྲེལ་གྱི་བཤད་གྲྭ་ཞིག་བཙུགས་ན། ངེས་དོན་གྱི་བསྟན་པ་ཉི་མ་ཤར་བ་ལྟ་བུའི་བཤད་སྒྲུབ་ཆུ་བོ་གཉིས་འདུས་ཞིག་ཡོང་བ་འདུག་སྟེ། སེམས་ཅན་པའི་སྐུ་བསོད་ལ་ཅི་སྲིད་དམ་གསུང་ཞིང་ཐུགས་ཕབ་པའི་བསླབ་བྱ་བཀའ་བཀོད་དུ་མ་མཛད་རྗེས། ཨོ་རྒྱན་རྫོང་བར་སྐྱེལ་མི་གནང་བ་སླར་སློག་