R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 164
[A:164]ངེད་རང་དཔོན་སློབ་པས་སྟག་ལུང་སྣ་དཀར་དུ། ཆོས་རྗེ་ཐོགས་མེད་གསུམ་པའི་དྲུང་དུ་ཞག་གསུམ་བསྡད་ནས། མཐོང་སྨོན་དུ་ཕྱིན། ཐོག་མར་ཕ་རིན་པོ་ཆེ་ཏྲཻ་བོ་དང་མཇལ། གསེར་སྲང་གང་གི་ཕྱག་རྟེན་ཕུལ་ཞིང། དགྱེས་པའི་ཞལ་འཛུམ་ཡར་ངོའི་ཟླ་བ་ལྟ་བུའི་ངང་ནས། བདག་ལ་ཁྱེད་ཀྱི་ཡུམ་བརྩེ་དུངས་ཅན་དེ་ཐེགས་འདུག་ཟེར་བ་ཐོས་པས་སྨོན་ལམ་ཡང་དག་པར་བགྱིས་གསུང་བའི་བཀའ་ལུང་ཡིད་ལ་འབབ་པ་ལྷུག་པ་སྩལ། རང་ཡང་སེམས་ངོ་སྤྲད་པའི་དྲིན་ཅན་རྗེ་ལ་ཡིད་བརྟས་པའི་གུས་པས་སྔར་བས་ཀྱང་ཆེས་ཆེར་འཕེལ་བའི་ངང་ནས་ཀརྨ་པས་སྒར་དུ་འབོད་མི་གནང་བྱུང་བས། འཕྲལ་ཞབས་དྲུང་དུ་ཕྱིན། གསེར་ཞོ་བདུན་མཎྜལ་དུ་ཕུལ། གདན་གཅིག་བཏིངས་འདུག་ཀྱང་ས་བརྗེན་རང་ལ་བསྡད་མཚམས། ཅོ་འདྲི་མང་དུ་གནང་གི་འདུག་པས། དེ་ལས་འུད་ཆེ་བའི་ཅོ་འདྲི་མང་བ་ཞིག་ཕུལ། ཆོས་འབྲེལ་དུ་མ་ཎིའི་ལུང་ཞིག་ཞུས་པས། ལུས་སྤྱན་རས་གཟིགས་སུ་གསལ་བ། ངག་མ་ཎིར་གསལ་བ། སེམས་སྙིང་རྗེར་གསལ་བ་གྱིས་གསུང་བ་ཞིག་ཐོས། སྒར་ལ་སྡོད་གསུང་བའི་བཀའ་ཞལ་དུ་བཏབ་ནས་ཕྱི་ཕྱག་ཕུལ་བས། གསེར་དངུལ་ལས་གྲུབ་པའི་མན་སྐོར་གཡུའི་ཕྲ་བཏབ་པ། ཤིན་ཏུ་བཟོ་ཁྱད་ཡོད་པ་ཞིག་གནང། འདིའི་ནང་ན་གྲུབ་ཆེན་ཏིལླི་པ་ནས་ཁོ་བོའི་ཡོངས་སུ་འཛིན་པའི་འདྲེན་པ་ཆེན་པོ་སངས་རྒྱས་གཉན་པའི་བར་གྱི་བྱིན་རླབས་མ་ལུས་པ་ཡོད་གསུང་བའི་བཀའ་བསྩལ་དངོས་སུ་ཕེབས། དེ་ནས་བརྩེད་གདོང་དུ་དཔལ་ས་སྐྱ་པ་ངག་གི་དབང་པོའི་དྲུང་མཇལ་བ་ལ་ཕྱིན། གསེར་ཞོ་གསུམ་ཕྱག་རྟེན་ཏུ་བགྱིས། ངེད་རང་སྤྱི་འགྲོར་འཇམ་དབྱངས་བླ་མའི་རྣལ་འབྱོར། ཆོས་རྒྱལ་མའི་ལུང་