[A:265]བརྟུལ་ཞུགས་མཆོག་འཛིན་ཅི་ཆོས་མཁན།
ཐོས་པའི་ཚིག་འབྲུ་རང་བློའི་ལམ་དུ་འདྲེན།
སྒོམ་པའི་ཡིད་དཔྱོད་ཕོ་ཚོད་ཡུས་པོ་ཆེ།
གང་ལ་བསམས་ཀྱང་མཆི་མ་རྣམ་པར་བཀྲུ།
བདག་བློ་གཏི་མུག་སྦྱངས་པའི་གནས་ཕྲ་བ།
ཆེན་པོ་མགུ་བའི་རྣམ་དཔྱོད་ཅང་མ་མཆིས།
རང་སེམས་དཔང་བཞག་གྲོགས་མཁར་སྦྲང་རྩིའི་དཔེ།
ཡུན་དུ་སྦྱངས་པའི་ལེགས་བྱས་ཅུང་ཞིག་སྣང།
ཚིག་གི་ལམ་ལ་འབྲུ་ལེན་ཡིད་ལ་བཞག།
དོན་གྱི་གནས་ལ་ཕྲ་ཞིབ་རིང་དུ་བསལ།
ཚིག་དོན་རབ་འབྱོར་མི་བརྗེད་གཟུངས་སུ་བསྟེན།
བསླབ་སྦྱངས་གཡེལ་མེད་བགྱིས་པས་འགྱོད་པ་བྲལ།
རང་རང་བླ་མ་སློབ་དཔོན་གསུང་བགྲོས་ཙམ།
རྨོངས་དད་སྙིང་ལ་བཞག་ནས་ཆོས་སྤོང་སྤངས།
འགྲོ་བའི་བླ་མ་རྒྱལ་མཆོག་ཤཱཀྱའི་ཏོག།
དེ་གསུང་དྲི་མེད་ཡིད་ཆེས་སྙིང་པོར་བཞག།
མོས་ཡུལ་གུས་པས་ཞབས་ལ་ཕྱག་བགྱིའི་གནས།
ཆོས་ཀྱིས་སྦྲེལ་བའི་བླ་མ་ལ་གཞན་སུ།
གཏིང་མཐའ་མི་མངོན་དལ་པའི་ཆོས་ཀྱི་གནད།
གསུང་རབ་ལས་གཞན་སྨྲ་པོ་གང་གིས་སྟོན།
རང་བཞེད་གྲུབ་མཐའི་ངེས་གཟུང་འདིའོ་ཅེས།
ནན་གྱིས་བཀའ་སྩལ་དེ་ལ་ཆོས་རྟགས་མིན།
ཤེས་རབ་མིག་གིས་གཞུང་རྒྱ་བལྟས་པའི་ཚེ།
འཁྲུལ་མེད་ངོ་མཚར་ལྟད་མོ་རིང་ནས་མཐོང།
བདེ་གཤེགས་བཀའ་ཡི་བླ་མས་བདག་བསྐྱངས་པས།
མ་ནོར་མ་འདྲེས་ཆོས་ཀྱི་གནད་དོན་རིག།
ཕན་ཚུན་ཆོས་ཚུལ་གནོད་པའི་སྒོར་ཞུགས་པའི།
བླ་མའི་ཚོགས་ལའང་གུས་པས་ཕྱག་བགྱིའོ༎
ཅེས་སྔར་བྲིས་པའི་རྣམ་ཐར་ཟུར་འདེབས་ཀྱི་ཡང་རྒྱན་དུ་བརྗོད་པ་འདི་ཡང་ལྷའི་ལྕམ་གཅིག་བདེ་སྐྱིད་དཔལ་འཛོམ་གྱིས་ནན་གྱིས་ཡང་དང་ཡང་དུ་བསྐུལ་འདེབས་མཛད་པའི་