R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 299
[A:299]བཞིན་མི་འཁྲུགས་པའི་ཆོ་ག་ལྷོ་སྒོ་དང་བཅས་པ་ཚར་རེ་འཆག་མེད་བྱས། དྲིན་སེམས་ལ་བཞག་པའི་ངན་སོང་གནས་འགེགས་ཀྱི་བསྔོ་བ་སྨོན་ལམ་སྙིང་ནས་བཞར་བ་རང་བསྒྲུབས། དེར་དཔལ་འབྱོར་ཡང་ཆུ་མ་སྙོམས་པའི་རྣམ་པས་ཁམས་དུབ་བཞིན་དུ་ཞབས་དྲུང་གདུང་བརྒྱུད་ཀྱི་བཀའ་ལུང་བཞིན་ཆུ་ཤུལ་དུ་འོངས་ནས་ཡབ་ཡུམ་ཞལ་རྒྱས་དང་མཇལ། འཚོ་བྱེད་ཨ་ཏིག་གིས་སྨན་དཔྱད་དང། བ་དེ་ནས་ཆོས་རྗེ་རབ་འབྱམས་པ་དཔོན་སློབ་ཚོས་གཙོ་མཛད་ལ་ནི་གུའི་ཁྲིད། མ་གཅིག་བཀའ་གསར་མའི་དབང་ལུང་རྫོགས་པར་ཕུལ། དེ་དུས་ཆོས་རྗེའི་དྲུང་མནལ་གཏན་ནས་མེད་པའི་སྐུ་ཁམས་འདུས་པའི་རྣམ་པ་ལ་དཔོན་སློབ་དམ་ཚིག་གཙང་བའི་རྟེན་འབྲེལ་གྱིས་ལེགས་པར་དངས། དཔལ་འབྱོར་གྱི་ཁམས་ཀྱང་སོར་ཆུད་ནས་ཡར་ལམ་སྙུག་ལའི་རྟ་ལམ་དུ་སྡེ་པ་སྐུ་ངོ་རྩེ་རྒྱས་ལ་དབང་བཀའ་འགའ་ཞིག་ཕུལ་ནས་སླར་ལྷ་མཐོངས་སུ་ཞག་བཅག་མལ་བྱས། བཞའ་རི་ནས་ཆོས་རྗེ་གདན་ས་པའི་དྲུང་དང་ཡབ་སྲས་ཁུ་དབོན་ལྷན་ཅིག་ལ་ཚེ་དབང་ལྷ་གུ་མvc: ལྷ་དགུ་མ?གཅིག་བྱས་ནས་ས་དཀར་གྱི་གྲུ་ལ་བྱས། རྩེར་གཟིམས་ཁང་ལ་བཀྲ་ཤིས་མངའ་གསོལ་གཟབ་རྒྱས་དང། དེར་བྱུང་བའི་རྙེད་པ་རྣམས་དཔལ་རི་བའི་ཚེས་དྲུག་མཆོད་ལ་སྦྱར་ནས། ཚུར་ལམ་གཞིས་ཀར་དཔོན་སློབ་དྲུང་ལོ་དུས་ཀྱི་སྐུ་མཚམས་ཞག་བདུན་མའི་བཅད་བྱས་བཞུགས་པའི་དྲུང་དུ་ཤོག་གསུང་ནས་ཕྱིར་མཇལ་ཙམ་དང། ཚེ་སྒྲུབ་ཀྱི་དམིགས་པའི་གནད་སྦྱོར་རེ་ཕུལ་ནས་འོངས། ཕྱིས་མཚམས་གང་ལ་ཡང་དེ་དུས་རང་རྨི་ལྟས་ངོ་མཚར་ཆེ་བ་དང་ཡིད་ཆེས་པ་ཡང་བྱུང་གསུང་བའི་བཀའ་ལུང་བྱུང། རྭ་ལྔར་དཔོན་ས་ཡུམ་རིན་པོ་ཆེ་དང་མཇལ་ཙམ་བྱས་ནས་ཆོས་རྗེ་