R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 48
[A:48]ཆགས་ཀྱིས་སྐམ་ཇ་སྦྱོར་རེ་ཙམ་འབུལ་བ་དང། ཕྱག་རིས་སུ་བཀྱོན་པའི་བསྡུས་སྦྱོར་གྱི་གནང་སྦྱིན་ལེན་པ་ལ་འཛེམ་བག་མེད་པར་ཡང་ཡང་ཕྱིན་པའི་སྐབས། འབྲུམ་བུའི་སྟབས་ཀྱིས་མཚམས་བསྡམས་པས་འགྲུལ་ཆད། དེ་མིན་ཅི་ལ་ཐུག་ཀྱང་ཟུར་སློབ་ཏུ་བསྟེན་སྙམ་པ་གཞན་རྐྱེན་ལ་མ་ལྟོས་པར་ངེད་རང་སྤུན་གཉིས་ཀའི་ཤེས་རྒྱུད་ལ་གྲོས་བཏབ་པ་ལྟར་ལྷན་དུ་བྱུང། ཕྱིས་དགེ་བའི་བཤེས་གཉེན་ཅིག་གཤེགས་པ་ཐོས་པའི་གཏམ་ལ་འདི་ལས་ཡིད་སྐྱོ་བ་དང། ཤ་འབྲས་པ་ཡོང་མ་དྲན་ཏེ། སྐྱེ་བ་སྔ་མའི་འབྲེལ་པ་ཚེ་རབ་ཅིག་གིས་བསྡུས་པ་འདྲ། ད་ལྟ་ཡང་རྣམ་པའི་ཡུལ་ན་ཝལ་ཝལ། དྲན་པའི་ཡུལ་ན་སལ་སལ། རིག་པའི་རྣམ་འགྱུར་གྱི་འཁྲབ་ན་ཁོ་འདྲ་བ་ཞིག་དགོས། སྡུག་གཤིས་ངན་ལ་བྱེད་སྤྱོད་ཙོག་པ་ཡ་ཕོའི་སྤྲེའུ་འདྲ་བ་ལ་གཡས་ཅི་ཡོད་སྙམ་པ་རྩོལ་མེད་དུ་གནང་ཆགས་ཀྱིས་འཆར། སྐབས་ཤེད་ཅིག་ཇ་གྲལ་ལ་སློབ་དཔོན་རིན་པོ་ཆེའི་ཞལ་སྔ་ནས། ཆོས་རྗེ་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་པའི་གདན་ས་མཛད་པའི་འཕྲོས་གཏམ་གླེང་བླངས་ཞིག་ལ། བསོད་དེ་ཡོང་དུ་སྤྱོད་དེའི་དཔེའི། བཀའ་ཆེན་བཅོ་བརྒྱད་ཀྱི་ཊཱིཀ་གཞུང་ཚིག་འབྲུ་ཕྱེད་མ་འཁྲུལ་བར་ལྗགས་ཐོག་ནས་འདོན་པ་དང། ཉིན་ཞག་ཕྲུག་གཅིག་ལ་དཀྱིལ་འཁོར་མི་འདྲ་བ་བདུན་ཅུ་རྩ་གཉིས་ཀྱི་ཞལ་འབྱེད་པའི་རྣལ་འབྱོར་ལ་ནན་ཏན་མྱུར་མཛད་པ་ལ་ཡོན་ཏན་མེད་པའི་མཐོང་དང། རྗེ་དེ་ལོ་རྟ་ལས་མི་བཞུགས་པ་ཐུགས་ཀྱིས་མཁྱེན་ཏེ། གདན་སར་ཕེབས་པའི་ཉིན་རང་ནས་བཀའ་བསྩལ་ཐོག་མར་གནང་བ་ལ་ཡིད་ཆེས་སྤུ་ཙམ་མེད། ས་འདིར་པཎ་ཆེན་རིན་པོ་ཆེའི་བསྟན་པའི་རྒྱུན་ལ་དགོངས་བཀའ་འབུམ་གྱི་ལུང་ཚང་བ་ཞིག་ཡོང་ལ་རེ་བའི་དུས་མ་ཆད་པར་