R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 22
[A:22]ཐ་སྙད་འཆད་ལ་དགའ་དང་བཅས༎ ཟབ་ལམ་རེ་རེ་ཡིས་ཀྱང་གྲོལ་བ་སྟེར༎ གསལ་བའི་སྤོབས་པ་མཆོག་ཀྱང་རྙེད་པ་ལགས༎ དམ་པ་ཀུན་གྱི་གསུང་གི་རྔ་བོ་ཆེ༎ སྐལ་བཟང་རབ་དགའི་དབྱུག་གུས་བསྐུལ་བ་ལས༎ ཞེན་པ་རང་གྲོལ་མཆོག་གིས་བརྗོད་པའི་གཏམ༎ གང་གིས་ཐོས་པ་དོན་དང་བཅས་པར་འགྱུར༎ འདིར་འཁོར་བའི་བྱིངས་ལས་ཡོངས་སུ་མ་བརྒལ་བའི་བདག་ཅག་སོ་སོ་སྐྱེ་བོའི་རང་འཚང་གི་ཆ། བརྫུན་སྒྲིབ་དང་བྲལ་བའི་བརྗོད་པའི་སྒོ་ཅུང་ཟད་གླེང་བ་ནི། དེའང་ཐོག་མ་མེད་པའི་དུས་སྔོན་གྱི་སྐྱེས་པའི་རབས་ཀྱི་ཕྲེང་བ་རྣམས་སུ། ཉམ་ང་བའི་འཁོར་བའི་རྒྱ་མཚོ་ཀུན་རྟོག་གི་རླབས་བརྒྱ་ཀུན་ཏུ་འཁྲུགས་པ། དུག་གསུམ་གྱི་ཀློངས་དང། ལས་ཀྱི་ཆུ་སྲིན་གྱིས་བསྟམས་ཤིང། ཉེ་བར་ལེན་པའི་ཕུང་པའི་རྟ་གདོང་གིས་ཡོངས་སུ་སྐོར་བའི་ནང་དུ་བྱིང་བའི་གནས་ཚུལ་གྱི་ཆ་ཤས་མ་ལུས་པ་ནི་སྒྲིབ་མེད་གཟིགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཅན་དག་གིས་ཇི་ལྟ་ཇི་སྙེད་དུ་མཁྱེན་པ་ལས། བདག་ལྟའི་སེམས་ཅན་མ་རིག་པ་སྟུག་པོའི་མུན་པའི་ཁུང་བུར་གནས་པའི་རང་རྒྱུད་པ་དག་གིས། བླུན་མོས་ཁྱོ་ངོ་མི་མཚོན་པ་བཞིན་དཔག་པར་མི་ནུས་པས། མི་ཆོས་བླ་མ་དང་འབྲེལ་བའི་ཉེས་ལྟུང་གི་ལས་མི་ཟད་པ་ཅིའི་ཕྱིར་ལྷུར་ལེན། ཤེས་ལྡན་དག། ཐོག་མ་མེད་པའི་འཁོར་བ་ནས་བསགས་པའི་ལས་ཉོན་གྱི་ཁུར་ཅུང་ཟད་ཀྱང་མ་བྲི་བར། ཆོས་ལ་བརྟེན་པའི་ལས་སྒྲིབ་འབད་མེད་དེ་སྒྲུབ་པ་ནི་གཉེན་པོའི་སྨན་དུག་ཏུ་འགྱུར་བ་དང་ཅིས་ཏེ་མི་འཚུངས། འོན་ཀྱང་འདིར་ཕ་མའི་ཉེར་ལེན་གྱིས་སྐྱེ་བ་ཡོངས་སུ་གཟུང་བ། གཞོན་ནུའི་ཀུན་སྤྱོད་ད་ལྟའི་ཡེ་ཤེས་ལ་གསལ་བ།