R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 23
[A:23]བསྟན་རིམ་རྣམས་ལ་ཞུགས་ཏེ་བསླབ་པའི་གནས་རྗེས་སུ་མནོས་པ། ཐོས་པའི་རྩོལ་བས་སྔར་གོམས་པའི་བག་ཆགས་ཀྱི་མཐུ་ཅུང་ཟད་སད་པ། བསམ་པ་ལས་བྱུང་བའི་ཤེས་རབ་ཀྱི་སྒོ་ངང་གིས་བྱེ་བ། རྒྱུད་མ་ལུས་པའི་རྡོ་རྗེའི་གནས་དབང་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉེ་བར་བསྩལ་ནས། དེ་ཉིད་སྔ་ཕྱིར་བར་གསུམ་དུ་མནོས་པའི་ཁྲིད་ཚུལ་བརྒྱ་རྩ་བརྒྱད་ཀྱིས་སརྒར་ཕྱེ་སྟེ་རང་གཞན་གྱི་རེ་བ་ཡིད་བཞིན་དུ་བསྐོང་བའི་ལས་སྣང་གི་འཆར་ཚུལ་སྒྲོ་སྐུར་དང་བྲལ་བ། ཡུན་རིང་དུ་འགྲོགས་པའི་གྲོགས་དག་དཔང་དུ་གྱུར་བ་ཆེ་ལོང་ཙམ་ཞིག་སྨོས་ན། སྔོན་གྱི་དགེ་བའི་བཤེས་གཉེན་བཀའ་གདམས་པ་དག་གི་གསུང་སྒྲོས་ན། སྔ་མ་གང་བྱས་རང་གི་ལུས་ལ་ལྟོས༎ ཕྱི་མ་གར་འགྲོ་རང་གི་སེམས་ལ་དྲིས༎ ཞེས་གསུངས་པ་འདི་གློ་བ་ལ་འཇེན་པར་བྱུང་བས། དོན་དེ་ཉིད་ལ་བསམས་པ་ན། ད་ལྟ་དངོས་སུ་ཐོབ་ཅིང་མ་ཉམས་པའི་དལ་འབྱོར་འཁོར་ལོ་བཞི་ལྡན་གྱི་རྟེན་ཁྱད་པར་ཅན་འདིའི་རྒྱུ་དྲི་མ་མེད་པའི་ཚུལ་ཁྲིམས་ཀྱི་བརྟུལ་ཞུགས་ལ་ནན་ཏན་དུ་བགྱིད་པ་པོ་དེ་ཉིད་ཀྱི་སྨོན་ལམ་དག་པའི་ལེགས་བྱས་ཀྱིས་བསྐྲུན་ཏེ། འདིར་སྐྱེ་བ་ཡོངས་སུ་གཟུང་བའི་ཡུལ་ནི་མངའ་རིས་སྨད་ཀྱི་སའི་ལྗོངས། གཉག་སྟོན་ཤཱཀྱ་མུ་ནེའི་རིགས་བརྒྱུད་འཛིན་པའི། ཡབ་རྗེ་དགུང་ལོ་ལྔ་བཅུ་རྩ་བརྒྱད། ཡུམ་ཉི་ཤུ་རྩ་གཉིས་བཞེས་པའི་ཚེ་ལྷུམས་སུ་ཞུགས་པར་སྣང་ལ། སྐབས་དེར་སྐ་རགས་ནས་བྱང་སེམས་རིན་པོ་ཆེ་སྤྱན་དྲངས། རྒྱལ་བ་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་དུ། མས་དབང་བསྐུར་བ་ལན་གྲངས་དཔག་ཏུ་མེད་པ་མནོས་པའི་མཐར། ནམ་ཞིག་མངལ་འཛིན་པའི་ཟླ་བ་རྫོགས་ནས། རབ་བྱུང་ཞེས་པ་མེ་མོ་ཡོས་ཀྱི་ལོའི་ཧོར་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ།