[A:༧༤]སྦྱར་གྱོན། །དྲི་ཞིམ་བསང་གཏོར་རིན་ཆེན་གསེར་གཞོང་དུ། །སྣ་ཚོགས་མཆོད་སྤྲིན་རིན་ཆེན་ཕུང་པོར་བཏུས། །སྐུ་གདུང་ལེགས་བསྡུས་རིན་ཆེན་སྒྲོམ་བུར་སྦས། །སྟོབས་ཆེན་རྒྱལ་རྒྱུད་ཁ་ཅིག་དེ་ལ་ཁྲོས། །བདག་གི་བླ་མ་ཆོས་རྗེ་པཎ་ཆེན་དེ། །ཀུན་ལ་བྱམས་མོད་བདག་ལ་རིང་མིན་ཏེ། །ཁྱོད་ལ་ཉེ་མིན་སྐུ་གདུང་བདག་ཅག་ལ། །ཕག་ཏུ་སྦེད་པའི་གཏན་ཚིགས་ཅི་ཡི་ཕྱིར། །སྐུ་གདུང་འདི་ལ་བསྲུངས་བའི་ཆ་ཤས་རེ། །སོ་སོར་བགོས་ན་ཞི་བའི་སེམས་དང་ལྡན། །དེ་ལྟ་མིན་ན་ཁོ་བོའི་གྲོགས་ཡོད་ཀྱང༌། །དེ་ཡང་བླ་མའི་གསུང་དང་འགལ་ཐབས་མེད། །འཕགས་པ་པག་ཤི་མ་མཉེས་གྱུར་ན་བླའི། །རྒྱལ་བའི་སྲས་པོ་ཕྲིན་ལས་མཐའ་ཅན་དེ། །ནམ་མཁའ་འཇའ་ཚོན་གུར་གྱི་སྟེང་ན་བཞུགས། །བར་སྣང་སྙན་པའི་སྒྲ་སྒྲོག་མེ་ཏོག་ཆར། །བདག་དང་དད་པ་ཐོབ་པའི་སྐྱེས་བུ་འགས། །བླ་མ་འཇམ་པའི་དབྱངས་སུ་ཡང་ཡང་གཟིགས། །དེ་ཕྱིར་བདག་ནི་ཞི་བའི་སེམས་དང་ལྡན། །ས་རི་ཡར་ཚེས་བཅུ་བཞིའི་སྔ་དྲོ་ལ། །བུ་སློབ་ཚོགས་སུ་རིན་ཆེན་སྒྲོམ་ཞལ་ཕྱེས། །ལིང་ཆུ་རྩེ་ཡི་ཕོ་བྲང་གནས་མཆོག་དེར། །རིན་ཆེན་རྒྱན་སྤྲས་གསེར་གྱི་ཁྲི་སྟེང་དུ། །མི་ཡི་དབང་པོ་རྒྱལ་པོ་གོ་དན་བཞུགས། །མདུན་དུུ་ས་གཞི་དྲི་ཞིམ་སྤོས་ཆུས་བྱུགས། །མཎྜལ་གསེར་གྱི་པདྨ་འདབ་བརྒྱད་དབུས། །ཟ་འོག་པདྨ་སྟོང་ལྡན་གདན་དུ་བཏིང༌། །སྐུ་གདུང་རིང་བསྲེལ་རྟེན་མཆོག་ཚོམ་བུར་བརྡལ། །རྒྱལ་པོའི་ཕྱག་གི་གསེར་གྱི་ཐུར་མ་ལ། །དྲི་ཞིམ་བདུག་སྤོས་ཙནྡན་ལྡེ་གུས་བྱུགས། །མངོན་སུམ་གཟིགས་ནས་རིན་ཆེན་རྟེན་མཆོག་རྣམས། །བཅོས་མའི་རིང་བསྲེལ་རྟེན་རྣམས་སོ་སོར་བསལ། །སྐུ་གདུང་བཞུགས་ལྟས་སྐུ་གསུང་ཐུགས་ཀྱི་རྟེན། །གཙུག་ཏོར་དབུས་སུ་ཀྱེ་ཡི་རྡོ་རྗེ་དང༌། །འཇམ་པའི་དབྱངས་སྐུ་དྲི་མེད་གསལ་པོར་བྱོན། །དཔྲལ་བའི་དབྱིངས་སུ་འཁོར་ལོ་སྡོམ་པའི་ཚོགས། །ལྟག་པའི་ཆ་ལ་སངས་རྒྱས་བཅོམ་ལྡན་འདས། །ཕྲག་པའི་གདུང་ལ་ཁར་ས་པཱ་ཎི་དང༌། །རྐང་གི་སྦུགས་སུ་སྤྱན་རས་གཟིགས་དབང་དང༌། །སྒལ་བུའི་ཆ་ལ་གསང་བའི་ཡུམ་བཞི་བྱོན། །སྒྲོལ་མ་མི་གཡོ་པུས་བཙུགས་རྣམ་པ་གཉིས། །ཕྱག་སོར་གཡས་པ་ཀླུ་ཤིང་ལྗོན་པའི་སྟེང༌། །བྱམས་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན། །