[A:༧༣]མཉམ་པའི། །འོག་གི་ས་གཞིར་དཀྱིལ་འཁོར་ལྔ་བཞེངས་ཏེ། །ཕྱོགས་བཞིར་གདུགས་དང་རྒྱལ་མཚན་བ་དན་ཕྱར། །ཁང་བཟང་མཆོག་དེར་ཙནྡན་ཤིང་ཁྲི་ལ། །རོལ་མོའི་སྒྲ་བཅས་འཇམ་དབྱངས་གདུང་སྒྲོམ་བཞུགས། །མདོ་དབྱངས་ལ་སོགས་སྔགས་སྐོར་སྣ་ཚོགས་དང༌། །ཞལ་ལྟས་བཀོད་པའི་དྲུག་ཕྲག་རྣམ་པ་ལྔ། །རོ་བརྒྱ་བཅུད་ལྡན་དགེ་འདུན་ཚོགས་ལ་འགྱེད། །དད་ལྡན་སྐྱེས་བུས་སྒྲོན་མེ་དལ་བུས་ཕུལ། །ཅུང་ཟད་མ་འབར་ནན་གྱིས་གསོལ་བ་བཏབ། །ཉེར་ལེན་ཐུགས་རྗེའི་ཤུགས་ཀྱིས་པུར་སྦྱངས་ནས། །སྲེག་རྫས་རིན་ཆེན་སྣ་ཚོགས་འབྲུ་སྣ་ལྔ། །རྩི་མར་དགང་བླུགས་གསེར་དངུལ་བརྒྱ་རྩ་རྣམས། །སྲིད་གསུམ་འདིར་འཁྱམས་ཁམས་གསུམ་སེམས་ཅན་གྱི། །སྡིག་སྒྲིབ་སྦྱང་ཕྱིར་དྲང་སྲོང་མེ་ལྷ་དང༌། །བླ་མ་ཆེན་པོ་རྡོ་རྗེ་འཆང་ཆེན་ལ། །འཁོར་གསུམ་ཡང་དག་ཆོ་ག་ཤེས་པས་ཕུལ། །དེ་དུས་ལྷ་ཀླུ་གནོད་སྦྱིན་མི་འམ་ཅི། །བསྟན་ལ་རབ་དགའ་ངོ་མཚར་དགེ་བའི་ཚོགས། །བདག་མེད་རྟོགས་ཕྱིར་ནམ་མཁའ་དངས་པ་བྱུང༌། །དུ་བ་འཇའ་གུར་སྤུངས་པའི་སྤྲིན་གསེབ་ན། །ལྷ་བུ་གཞོན་ནུ་གདུགས་དང་རྒྱལ་མཚན་ཐོགས། །བཀྲ་ཤིས་གླུ་དབྱངས་རོལ་མོ་སྣ་ཚོགས་དང༌། །མེ་ཏོག་སྣ་ཚོགས་དུ་མའི་ཆར་པ་དག །ཀུན་གྱིས་མཐོང་བར་ནམ་མཁའ་གང་བར་བབ། །དུ་བའི་རྩེ་མོར་རྡོ་རྗེ་སྔོན་པོ་དང༌། །རལ་གྲི་ལྗང་གུ་ཨུཏྤལ་ལ་སོགས་ཀྱི། །གདུགས་ནི་ནམ་མཁའ་གཡས་སུ་འཁོར་བ་དང༌། །དྲི་བཟང་ཞིམ་པོས་ས་ཕྱོགས་གར་ཁྱབ་ཀུན། །སྡུག་བསྔལ་རྣམས་སྤངས་ཚིམ་གདུང་བདེ་བ་མྱོང༌། །རྒྱ་ཡི་མི་གཉིས་མི་ཉག་དད་པ་ཅན། །ཆུ་ཚོད་བདུན་རིང་ཉི་མ་གསུམ་ཤར་ཚེ། །དཔའ་བར་འགྲོ་བའི་ཏིང་འཛིན་ཕྱག་རྒྱ་དང༌། །སེང་གེ་རྣམ་བསྒྱིངས་པདྨ་བཀོད་པ་སོགས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་སྐྱེས་པ་མཐོང༌། །འོག་མིན་ཞུགས་ཁང་གནས་ལ་ཕུལ་བ་ཡི། །ཟས་ནོར་ཆ་རྐྱེན་རི་ཡི་ཕུང་པོ་ཙམ། །རྒྱ་དང་བོད་དང་ཧོར་དང་ཡུ་གུར་གྱི། །དགེ་འདུན་རྒྱ་མཚོ་ཁྲི་ཕྲག་འདུས་པའི་དབུས། །ཆོས་རྒྱལ་དབོན་པོའི་དྲུང་གིས་སྤང་དག་བྱས། །ཐོ་རངས་དུས་སུ་ཉེ་གནས་བརྩོན་འགྲུས་ཅན། །བི་ཇི་རིན་ཆེན་གྲགས་པའི་མཐའ་ཅན་གྱིས། །ལག་པ་དར་གཏུམས་ཆོས་གོས་སྣམ་