[A:༦༦]ཡོད་སྨྲའི་མཁན་བརྒྱུད་པཎ་ཆེན་ཤཱཀྱ་ཤྲཱི། །གཙང་གི་ཆུ་མིག་ཅེས་བྱར་མཇལ་ནས་ཀྱང༌། །མཛད་པའི་མཚན་བཏགས་ཚད་མ་ཆོས་མཆོག་གསན། །གཞན་ཡང་མཁས་གྲུབ་དཱ་ན་ཤཱི་ལ་དང༌། །བལ་པོའི་མཁས་པ་སཾ་གྷ་ཤཱི་ལ་ལ། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དང༌། །སྡེབ་སྦྱོར་སྙན་ངག་བཞི་བརྒྱ་པ་ལ་སོགས། །མངོན་རྟོགས་རྒྱན་དང་དབང་མདོར་བསྟན་པ་གསན། །དེ་ནས་གདན་ས་དཔལ་ལྡན་ས་སྐྱ་རུ། །མཁས་པ་སུ་ག་ཏ་ཉིད་སྤྱན་དྲངས་ནས། །སྒྲ་ཚད་སྙན་ངག་སྡེབ་སྦྱོར་མངོན་བརྗོད་དང༌། །ཟློས་གར་ལ་སོགས་བསྟན་བཅོས་འགའ་ཞིག་གསན། །རྣལ་འབྱོར་རྒྱུད་གསུམ་བོད་དུ་འགྱུར་བ་གསུམ། །ད་ལྟ་བོད་ལ་གྲགས་པའི་བསྟནབཅོས་དང༌། །གསང་སྔགས་རྒྱུད་སྡེའི་ཉམས་ལེན་མང་དུ་གསན། །དགུང་ལོ་ཉི་ཤུ་རྩ་བདུན་བཞེས་པའི་དུས། །འགྲན་ཟླ་ཀུན་བྲལ་པཎ་ཆེན་ཤཱཀྱ་ཤྲཱི། །མཁས་མང་དབུས་སུ་དེས་ནི་མཁན་པོ་མཛད། །ལས་ཀྱི་སློབ་དཔོན་སྤྱི་བོ་ལྷས་པས་མཛད། །དོན་མོ་རི་པས་གསང་སྟེ་སྟོན་པ་མཛད། །དེ་སོགས་དགེ་འདུན་རྒྱ་མཚོ་ལྟ་བུའི་དབུས། །རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་མཛད། །ཀུན་མཁྱེན་ཆོས་རྗེ་པཎ་ཆེན་དེ་ཉིད་ལ། །རྣམ་འགྲེལ་རིགས་ཐིག་རྒྱུད་གཞན་གྲུབ་པ་དང༌། །རྒྱན་དང་ཆོས་མཆོག་འབྲེལ་པ་བརྟག་པ་དང༌། །ཤེར་ཕྱིན་བདུན་བརྒྱ་བརྒྱད་སྟོང་དོན་བསྡུས་དང༌། །མངོན་པ་ཕར་ཕྱིན་ཐེག་བསྡུས་རྣམ་བཤད་རིགས། །ཉི་ཤུ་པ་དང་སུམ་ཅུའི་བཤད་པ་དང༌། །ཕུང་པོ་ལྔ་ཡི་རབ་ཏུ་བྱེད་པ་དང༌། །འདུལ་བ་ལུང་དང་སོ་ཐར་མདོ་རྩ་དང༌། །འོད་ལྡན་མེ་ཏོག་ཕྲེང་རྒྱུད་ས་གའི་ལུགས། །དེ་སོགས་སྡེ་སྣོད་གསུམ་པོ་མ་ལུས་དང༌། །དུས་ཀྱི་འཁོར་ལོའི་རྒྱུད་དང་འགྲེལ་བཤད་དང༌། །གསང་འདུས་འཕགས་སྐོར་ཡེ་ཤེས་ཞབས་སྐོར་དང༌། །བདེ་མཆོག་འཇམ་དབྱངས་ཛམ་བྷ་ལ་ཡི་སྐོར། །བྱིན་རླབས་མན་ངག་མ་ལུས་པ་རྣམས་གསན། །དེ་ནས་བརྩེགས་པ་དབང་ཕྱུག་སེང་གེ་ལ། །བྱམས་ཆོས་ལྔ་དང་དབུ་མ་རིགས་ཚོགས་དང༌། །རང་གཞན་གྲུབ་