R15: ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་འབྲིང་པོ།

  • Pagination (Witness A): ༦༧
[A:༦༧]མཐའི་རྣམ་གཞག་ཅི་རིགས་དང༌། །བྱེ་བྲག་སྨྲ་དང་མདོ་སྡེ་པ་ལ་སོགས། །སེམས་ཙམ་དང་ནི་དབུ་མའི་འདོད་ཚུལ་དང༌། །གཞན་ཡང་གདམས་ངག་ཟབ་མོ་ཕལ་ཆེར་གསན། །བྱང་སེམས་ཆེན་པོ་སྤྱི་བོ་ལྷས་པ་ལ། །བརྒྱད་སྟོང་འགྲེལ་ཆེན་ཉི་ཁྲི་མངོན་པ་དང༌། །བཀའ་གདམས་ལུགས་ཀྱི་ཆོས་སྐོར་གདམས་ངག་དང༌། །གསང་འདུས་རིམ་ལྔ་ན་རོ་ཆོས་དྲུག་དང༌། །དབུ་མ་ཆེན་པོ་མཐའ་བྲལ་སྟོང་ཉིད་དང༌། །གཞན་ཡང་ཞི་བྱེད་རྫོགས་ཆེན་གཅོད་ལ་སོགས། །གདམས་ངག་ཉམས་ལེན་རྫོགས་རིམ་ཕལ་ཆེར་གསན། །དེང་སང་རྒྱ་གར་བོད་ལ་གྲགས་པ་ཡི། །ལམ་འབྲས་ལ་སོགས་རྫོགས་རིམ་ལམ་སྐོར་དགུ། །མཚན་བརྗོད་བཤད་པ་ལུགས་དྲུག་གདམས་ངག་དང༌། །འཆི་མེད་གྲུབ་པའི་མན་ངག་སྒྲུབ་ཐབས་དང༌། །དུས་ཀྱི་འཁོར་ལོ་སྦྱོར་དྲུག་ལ་སོགས་གསན། །གཞན་ཡང་སྒྲོལ་མ་རྣལ་འབྱོར་ཆེན་པོའི་ལུགས། །ཡོ་ག་ངན་སོང་སྦྱོང་རྒྱུད་གཙུག་དགུ་དང༌། །རྣམ་འཇོམས་བ་རི་ལོ་ཙྪ་ས་ཆེན་ལུགས། །བདུད་རྩི་འཁྱིལ་བ་སྨེ་བརྩེགས་སྒྲུབ་ཐབས་དང༌། །རིགས་བྱེད་མ་ཡི་མན་ངག་སྒྲུབ་ཐབས་དང༌། །གདུགས་དཀར་རྣམ་རྒྱལ་རི་ཁྲོད་ལོ་མ་ཅན། །འོད་ཟེར་ཅན་དང་རྨ་བྱ་ཆེན་མོ་ཡི། །སྒྲུབ་ཐབས་གདམས་ངག་ཟབ་མོ་གཟུངས་དང་བཅས། །སྟོང་ཆེན་རབ་འཇོམས་སོ་སོར་འབྲང་མ་དང༌། །མི་གཡོ་མགོན་པོ་དབྱངས་ཅན་མ་ཡི་སྐོར། །གདམས་པ་ཟབ་མོ་ཡང་དང་ཡང་དུ་གསན། །བསྟན་སྲུང་མགོན་པོ་ལྷ་མོ་ནག་མོའི་སྐོར། །ཞིང་སྐྱོང་མགོན་པོ་གཙོ་འཁོར་ལྔ་པ་རྣམས། །བསྒྲུབས་ཤིང་ཞལ་བསྟན་སྲོག་གི་སྙིང་པོ་ཕུལ། །ཉི་ཟླ་ལྟར་གྲགས་རྡོ་རྗེ་ལྟ་བུའི་སྐུ། །རྒོལ་ངན་བདུད་འཇོམས་བསྟན་པའི་གཙོ་བོ་དེའི། །སྙན་པའི་བ་དན་ཆེན་པོ་སྒྲོགས་པའི་སྒྲ། །ཡུལ་དབུས་རྒྱ་གར་ཤར་ནུབ་ཐམས་ཅད་དུ། །ཆོས་རྗེ་བླ་མ་དམ་པས་འདི་ལྟར་བསྒྲགས། །ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་པ། །འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན། །བསམ་ཡས་ཕྲིན་ལས་མཛད་པའི་