R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༩༢
[A:༩༢]ས་ར་ཧའི་གདམས་པའི་རིགས་པ་དང༌། བདག་མེད་མ་གསལ་བ་དང༌། དབང་གི་རབ་དབྱེ་དང༌། ལྟ་བ་ངན་སེལ་རྩ་འགྲེལ། རིན་ཆེན་ཕྲེང་བ་ལ་སོགས་པ་སྙིང་པོའི་སྐོར་ཉི་ཤུ་རྩ་ལྔ་ལ་སོགས་པར་གྲགས་པ་སྟེ་མདོར་ན་མིའི་བདག་པོ་ཨིནྡྲ་བྷཱུ་ཏི་དང༌། སློབ་དཔོན་ཆེན་པོ་པདྨ་བཛྲ་དང༌། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་ལ་སོགས་པའི་བསྟན་བཅོས་དང༌། མན་ངག་ཟབ་མོ་བསམ་གྱིས་མི་ཁྱབ་པ་གསན་ཅིང་མངོན་དུ་མཛད་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཡང་བླ་མ་ཕམ་ཐིང་པ་ལ་སོགས་པའི་གསུང་རབ་རྗེ་བཙུན་མལ་གྱོ་བ་ལས་བརྒྱུད་པའི་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ལ། ནག་པོ་དགྲ་རྒྱུད་དང༌། གདོང་དྲུག་དང༌། ཞལ་དགུ་པའི་འཇིག་བྱེད་དེ་གསུམ་པོ་ལ་རྒྱུད་རྐྱང་གི་བཤད་པ་དང༌། བྲམ་ཟེ་དཔལ་འཛིན་གྱི་འགྲེལ་པའི་བཤད་པ་དང་བཅས་པ་ཐུགས་སུ་ཆུད་པར་མཛད་དེ། མདོར་ན་ཟབ་མོར་གྱུར་པའི་རྒྱུད་སྡེ་རྣམས་ཀྱི་སྨིན་པར་བྱེད་པའི་དབང་ནས་མཐར་འབྲས་བུའི་རྣམ་པར་གཞག་པའི་བར་དང༌། དེ་རྣམས་ཀྱི་སྒྲུབ་པ་པོ་ལ་དགོངས་ཞིང་བསྟན་པའི་ཕྲིན་ལས་སྒྲུབ་པ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ་རྣམས་ཀྱི་བསྙེན་སྒྲུབ་མ་ལུས་པ་མངོན་དུ་མཛད་པ་ཡིན་ནོ། །གཞན་ཡང་ཆོས་ཀྱི་རྒྱལ་པོ་དེའི་ཐད་དུ་གསང་སྔགས་རྣལ་འབྱོར་གྱི་རྒྱུད་གསན་པ་ནི་ལོ་ཙཱ་བ་རིན་ཆེན་བཟང་པོའི་བཤད་སྲོལ། ལོ་ཆུང་ལེགས་པའི་ཤེས་རབ་དང༌། བྲག་སྟེངས་པ་ལ་སོགས་པའི་གསུང་རབ་བླ་མ་ཁའུ་པ་ལས་བརྒྱུད་དེ་འོངས་པ་ལ། དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་དེ་ཉིད་སྣང་བ་ཞེས་བྱ་བ་གཞུང་སྟོང་ཕྲག་བཅོ་བརྒྱད་པ་དང༌། ཡང་དེའི་དོན་འགྲེལ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་ཨ་བ་ཏ་ར་ཞེས་བྱ་བ་དང༌། དཔལ་མཆོག་དང་པོ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང༌། རྒྱུད་རྐྱང་པ་རྡོ་རྗེ་རྩེ་མོ་དང༌། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་རྒྱུད་དང༌། ཐམས་ཅད་གསང་བ་ཞེས་བྱ་བའི་རྒྱུད་སློབ་དཔོན་ཤཱནྟི་པའི་འགྲེལ་པ་དང་བཅས་པ་དང༌། དེ་དག་གི་བསྙེན་པ་དང་སྒྲུབ་པའི་གཞུང་རྡོ་རྗེ་ཐམས་ཅད་འབྱུང་