[A:༩༣]པ་དང༌། ཁམས་གསུམ་རྣམ་རྒྱལ་དང༌། རྡོ་རྗེ་སེམས་དཔའ་འབྱུང་བ་ཆེ་ཆུང་གཉིས་དང༌། གཙུག་ཏོར་དགུ་པ་ལ་སོགས་པ་མང་པོ་ཞིག་གསན་ཅིང་མངོན་དུ་མཛད་མོད། དེ་ཉིད་བསྡུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་དང༌། ཁམས་གསུམ་རྣམ་རྒྱལ་དང༌། མགོན་པོ་ཀུན་སྣང་སྟེ་གསུམ་པོ་མ་གསན་གསུངས་སོ། །གཞན་ཡང་ལོ་ཙཱ་བ་ཆེན་པོ་ལས་འོངས་པ་རབ་ཏུ་གནས་པའི་རྒྱུད་དང༌། བསྟན་བཅོས་སློབ་དཔོན་ཀུན་དགའ་སྙིང་པོ་དང༌། སློབ་དཔོན་པྲཛྙཱ་ཝ་ལི་ཏས་མཛད་པ་དང༌། སློབ་དཔོན་ཞི་བ་སྙིང་པོས་མཛད་པའི་མཆོད་རྟེན་སྒྲུབ་པའི་ཆོ་ག་དང༌། སྐུ་གཟུགས་སྤྱན་དབྱེ་བའི་ཆོ་ག་ཞིབ་མོ་དང༌། སློབ་དཔོན་དགེ་མཚན་བཤེས་གཉེན་གྱིས་མཛད་པའི་ཁྲུས་ཀྱི་ཆོ་ག་མ་ལུས་པ་དང༌། དེ་ཐམས་ཅད་ཀྱི་ལག་ཏུ་བླང་བའི་རིམ་པ་ཇོ་བོ་རིན་ཆེན་བཟང་པོས་སྡོམ་གྱི་ཚིགས་སུ་བཅད་པ་དང་བཅས་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཡང་དེ་ཉིད་ལས་གསང་སྔགས་སྤྱོད་པའི་རྒྱུད་གསན་པ་ནི། མངའ་བདག་ལྷ་རི་ཞེས་བྱ་བའི་བཤད་སྲོལ། བླ་མ་ཁའུ་པ་ལས་བརྒྱུད་པའི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་དོན་བསྡུས་རྒྱས་པར་གསན་པ་དང༌། རྒྱུད་ཀྱི་བཤད་པ་ཕྲ་མོ་སྟོན་པའི་ཞར་ལ་ལུང་ཙམ་ཞིག་ནོས་ཀྱིས་གཞན་འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་དང༌། གཤིན་རྗེའི་གཤེད་ཁྲོ་བོ་རྣམ་པར་རྒྱལ་བ་དང༌། པྲ་ཁོང་སྣ་རྒྱུད་གསུམ་གྱི་རྣམ་པར་བཤད་པ་རྒྱ་ཆེན་པོ་ཆོས་ཀྱི་རྗེ་ཉིད་ལས་མ་ནོས་ཞེས་ཁུམས་སོ། །ཡང་བྱ་བའི་རྒྱུད་གསན་པའི་རྣམ་གྲངས་ཅུང་ཟད་བརྗོད་ན། བརྒྱུད་པ་སྤྱོད་པའི་རྒྱུ་དང་མཐུན་པ་ཡིན་ལ། རྒྱུད་ལ་རིགས་གསུམ་སོ་སོའི་རྒྱུད་དང༌། རིགས་སྡོམ་པའི་རྒྱུད་གཉིས་ལས་སྔ་མ་ལ་འཕགས་པ་འཇམ་དཔལ་གྱི་རྒྱུད་ལ་འཇམ་དཔལ་དཔའ་བོ་གྲུབ་པ་དང༌། འཇམ་དཔལ་གྱི་རྒྱུད་ནས་གསུངས་པའི་འཇམ་དཔལ་གྱིས་དམོད་བཙུགས་པ་ལ་སོགས་པ་མཐའ་དག་གསན་མོད། འོན་ཀྱང་འཇམ་དཔལ་གྷོ་བ་ངག་གི་དབང་ཕྱུག་ཅེས་བྱ་བ་རྒྱུད་ཀྱི་དུམ་བུ་དེ་མ་གསན་ཞེས་གསུངས་སོ། །སྤྱན་