R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༡༡༡
[A:༡༡༡]གསུངས་སོ། །ཡང་ཕྱི་རོལ་བྱེད་དང་ཆོས་འདི་པ་སོ་སོའི་རྣམ་གཞག་དང༌། རང་གི་སྡེ་པ་གྲུབ་མཐའ་སོ་སོའི་ངོ་བོ་ངེས་པར་བྱེད་པ་གྲུབ་མཐའི་རྣམ་འབྱེད་ཅེས་བྱ་བ་མཛད་དོ། །ཡང་གཞུང་རྩོམ་པར་བྱེད་པ་ལ་སོགས་པ་ལ་ཉེ་བར་མཁོ་བ་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ་ཞེས་བྱ་བ་མཛད་དོ། །དེ་བཞིན་དུ་སྙན་ངག་གི་བསྟན་བཅོས་མཁས་པའི་ཁ་རྒྱན་ཞེས་བྱ་བ་དང༌། ངལ་བསོ་བའི་གནས་ལ་སོགས་པ་འགའ་ཞིག་སྟོན་པ་བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ་དང་གཉིས་མཛད་དོ། །དེ་བཞིན་དུ་ཟློས་གར་མཁན་པོ་རྣམས་དགའ་བར་བྱེད་པ་ཟློས་གར་གྱི་བསྟན་བཅོས་རབ་དགའ་ལ་འཇུག་པ་ཞེས་པ་དང༌། གཞན་རོལ་མོའི་བསྟན་བཅོས་ཞེས་བྱ་བ་ཐུན་མོང་ལ་ཕན་འདོགས་པ་མཛད་དོ། །མིང་གི་རྣམ་གྲངས་གཙོ་བོར་སྟོན་པ་མངོན་བརྗོད་ཀྱི་བསྟན་བཅོས་ཚིག་གི་གཏེར་ཞེས་བྱ་བ་མཛད་དོ། །ཡང་ཤེས་བྱ་བཟོའི་གནས་ལ་སྐུ་གཟུགས་ཀྱི་བསྟན་བཅོས་དང༌། ས་བརྟག་པའི་རབ་ཏུ་བྱེད་པ་ཞེས་བྱ་བ་མཛད་དོ། །ཡང་འཚོ་བྱེད་ལ་ཉེ་བར་མཁོ་བ་རིག་པའི་བསྟན་བཅོས་ཡན་ལག་བརྒྱད་པའི་དོན་བསྡུས་ཞེས་བྱ་བ་མཛད་པ་ཡིན་ནོ། །དེ་ལས་གཞན་རྩ་བ་གཞན་གྱི་དོན་གསལ་བར་མཛད་པ་དང༌། བསྟོད་པའི་ཚོགས་ལ་སོགས་པ་མཛད་པ་དེ་དག་ནི་འདིར་མ་བྲིས་སོ། །དེ་དག་ནི་རང་དབང་བ་སྟེ། དཔེར་ན་ཆུ་སྐྱར་དང་དུ་བ་ལས་ཆུ་དང་མེ་བཞིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་བྱམས་པས། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང༌། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་གཟུང་ཕྱིར་འདི་བཤད་དོ། །ཞེས་གསུངས་པ་ལྟར་ཡིན་ནོ། །དེ་བས་ན་མདོ་སྡེ་དྲིན་ལན་བསབ་པ་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །དགེ་བའི་བཤེས་གཉེན་དྲིན་དྲན་བགྱི། །ཞེས་གསུངས་ལ། དེའི་རྣམ་པར་ཐར་པ་རྨད་དུ་བྱུང་བ་ལ་བརྟེན་