[A:༡༡༠]ཕྱིར་དང༌། སོ་སོར་རང་གིས་རིག་པའི་མྱོང་བས་ཀྱང་གྲུབ་པའི་ཕྱིར་དང༌། རྒྱུ་མཚན་གཞན་གྱིས་ཀྱང་གྲུབ་པའི་ཕྱིར་ཏེ། མདོ་སྡེ་དྲིན་ལན་བསབ་པ་ལས། སངས་རྒྱས་ཐབས་ལ་མཁས་པས་ཚིགས་སུ་བཅད་པ་གཅིག་གིས་ཀྱང་ཆོས་གྲངས་མེད་པ་སྟོན་ལ། ཆོས་གྲངས་མེད་པ་ཡང་ཚིགས་སུ་བཅད་པ་གཅིག་ཏུ་སྟོན་ཏེ། སངས་རྒྱས་ཀྱི་མདོ་ཙམ་བསྟན་ཡང་ཀུན་དགའ་བོས་མ་ལུས་པར་ཤེས་པ་ནི། ཤེས་རབ་ཀྱིས་བཟུང་དུ་ཟིན་པ་སྟོབས་ཆེ་བའི་ཕྱིར་རོ་ཞེས་གསུངས་པ་དེ་ཉིད་ལ་གསལ་བ་དང༌། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པར། ཀླུའི་བདག་པོ་ཐམས་ཅད་མཁྱེན་པའི་སེམས་དེའི་སྟོབས་ནི་རྣམ་པ་ལྔ་སྟེ་གང་ཞེ་ན། ང་རྒྱལ་བཅོམ་པས་ཡེ་ཤེས་ཀྱི་སྟོབས་དང༌། ཐོས་པ་དང་མ་བྲལ་བས་ཤེས་རབ་ཀྱི་སྟོབས་དང༌། ཁྲོ་བ་མེད་པས་བྱམས་པའི་སྟོབས་དང༌། མཚན་ཡོངས་སུ་རྫོགས་པས་བཟོད་པའི་སྟོབས་དང༌། འཁོར་དུ་བག་ཚ་བ་དང་བྲལ་བས་མི་འཇིགས་པའི་སྟོབས་སོ་ཞེས་གསུངས་པ་དེ་འདི་ལ་མཐོང་པའི་ཕྱིར་དང༌། ཡང་མདོ་སྡེ་སྔ་མ་དེ་ལས། དེས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རིག་པའི་དངོས་པོ་ལྔ་བསླབ་པར་བྱའོ་ཞེས་གསུངས་པ་དེ་འདི་ལ་མངའ་བའི་ཕྱིར། དེའི་རང་བཞིན་དང་བསྔགས་པར་འོས་པ་རྒྱས་པར་བརྗོད་པའི་སྤོབས་པ་ཡོད་པར་ཁས་འཆེ་བར་ག་ལ་ནུས། རྒྱུ་མཚན་ཕྱི་མ་འདི་ནི་རྟགས་ཀྱིས་གྲུབ་སྟེ། སྔར་སྨོས་པའི་གཞུང་ལུགས་ཆེན་པོ་དེ་རྣམས་ལས། བོད་ལ་ཉེ་བར་མཁོ་བ་ཅུང་ཟད་བསྟན་པ་ནི། སྒྲའི་བསྟན་བཅོས་ལ་མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བ་ཆེན་པོ་དེ་དང༌། ཕལ་ཆེ་བ་ལ་མཁོ་བ་ཤེས་རབ་འཕྲོ་བ་ཞེས་བྱ་བ་དང༌། དེ་བས་ཀྱང་རྟོགས་སླ་བ་སྒྲ་ལ་འཇུག་པ་ཞེས་བྱ་བ་སྟེ་གསུམ་མཛད་དོ། །ཚད་མའི་བསྟན་བཅོས་ལ་རིགས་པའི་གཏེར་ཞེས་བྱ་བ་མཛད། དེ་ནི་སྡེ་བདུན་ཊཱི་ཀ་དང་བཅས་པའི་དགོངས་པ་འདི་ན་གནས་པས་སྡེ་བདུན་སྙིང་པོ་ཞེས་ཀྱང་བྱར་རུང་ཞེས་ཀྱང་