R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༨༡བ
[A:༨༡བ] འབྱེད་ཚུལ་གླེགས་བམ་ལས་གསུངས་པ་རྣམས་བསྟན་ནས། དེ་ནས་རྗེས་སུ་གླེགས་བམ་གྱི་པོ་ཏི་ཚང་བ་བཀའ་རྒྱ་དང་བཅས་ཏེ་གནང། ཤེས་རབ་རྒྱལ་མཚན་གྱིས་ཀྱང་གནས་ངེས་མེད་དུ་བཞུགས་ནས་ཉམས་ལེན་མཛད་དོ། དེ་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ལ་གནང། དེས་ཀ་མའི་རྣལ་འབྱོར་པ་རིན་ཆེན་རྒྱལ་མཚན་ལ། དེས་སྟབས་ཀའི་ཞང་སྟོན་དར་མ་རྒྱལ་མཚན་ལ། དེས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་སྐྱེ་བྱང་ཆུབ་བཟང་པོ་ལ། དེས་ནམ་མཁའ་རིན་ཆེན་ལ། དེས་འབྲོམ་ཀུ་མཱ་ར་མ་ཏི་ལ། དེས་མཁེན་ཉི་མ་རྒྱལ་མཚན་ལ་གནང། དེ་དག་གི་ལོ་བརྒྱུས་རྒྱུས་རྒྱས་པར་དོན་དུ་གཉེར་ན་གླེགས་བམ་གྱི་བྱུང་ཚུལ་ངོ་མཚར་རྨད་དུ་བྱུང་བའི་དཔལ་འབྱོར་ཞེས་པར་བལྟའོ། ཞར་ལ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ནི། ཡར་ལུངས་ཐང་པོ་ཆེར་བྱོན། སྤྱིར་ཇོ་བོའི་ཆོས་མང་དུ་མངའ། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རྩལ་ཐོན། གཤིན་རྗེ་གཤེད་ཀྱི་ཞལ་གཟིགས། སློབ་མའི་མཆོག་མངོན་པ་ལ་མཁས་པ་བྲང་ཏི་དར་མ་སྙིང་པོ་སོགས་དང། གླེགས་བམ་ལས། བཱ་ག་རཱ་ཇཱ་ལ་སོགས་པའི་འཁོར་ལྔ་བརྒྱ་ཙམ་ཡོད་ཅེས་འབྱུང་ངོ། གསུམ་པ་ནག་ཚོའིི་རྗེས་སློབ་བྱོན་ཚུལ་ནི། ནག་ཚོ་ལོ་ཙཱ་བ་ལ་མངའ་རིས་སྐོར་གསུམ་དུ་སློབ་མ་མང་དུ་བྱོན་པ་ལ། དབུས་སུ་གྲགས་ཆེ་བ་རོང་པ་ཕྱག་སོར་བ་ཡིན་ཏེ། ཁོང་རང་གི་སྐྱེ་བ་བཅུ་གསུམ་དྲན་ཅིང། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ། བསྒོམས་པའི་སྟོབས་ཀྱིས་རིག་པའི་གནས་ལྔ་ལ་མཁས་པ་དེས། དང་པོར་ཇོ་བོ་ཆེན་པོའི་གདམ་ངག་ཁོ་ན་རྩད་དཔྱོད་པ་ལ། ཇོ་བོའི་དངོས་ཀྱི་སློབ་མ་ཡེར་པ་བ་རང་གི་ཞང་བཙུན་ཡེར་པ་བ་། ཡེར་པ་གཟིམས་ཁང་གི་སྒོམ་པ་དད་པ་བླ་མ། ར་སྒྲེང་དུ་དགེ་བཤེས་སྟོན་པ། རྣལ་འབྱོར་པ་ཆེན་པོ་