[A:༩༣ན] མ་མཐོང་བས། ཐན་མོང་བ་གང་མཐོང་རྣམས་འདིར་ཕྱོགས་གཅིག་ཏུ་མདོར་བསྡུས་ཏེ་དད་པའི་བློས་བཀོད་པའོ། བརྒྱུད་པ་གསུམ་ལྡན་དམ་པ་རྣམས་ཀྱི་རྣམ་ཐར་དྲི་མེད་ཡོན་ཏན་རིན་ཆེན་དུ་མས་གང་བ་ཅན། ཐུགས་རྗེའི་བྱིན་བརླབས་གཏིང་མཐའ་མི་མངོན་ཕྲིན་ལས་རྣམ་བཞིའི་རྦ་བརླབས་རྒྱུན་ཆད་མེད་པར་གཡོ་བས་བརྗིད། རྣམ་དག་ལྟ་བའི་རིན་ཆེན་མཆོག་གི་ཅོད་པན་དང་ལྡན་སྙིང་རྗེའི་གླུ་དབང་སྤྱན་ཟུར་རོལ་པས་མཛེས། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་བཅུད་ལྡན་རྣམ་ཐར་མཚོ་ཆེན་འདི་ནི་འགྲོ་བའི་དཔལ་དུ་རྒྱས་གྱུར་ཅིག། བླ་མའི་རྣམ་ཐར་དྲི་མེད་བདུད་རྩིའི་ཆུ། ཐུབ་བསྟན་པདྨོའི་བཞིན་རས་གསལ་མཛད་པ། སྐལ་བཟང་མིག་ལ་ཡ་མཚན་དཔལ་སྟེར་བའི། ལེགས་བཤད་འདི་ནི་སྔོན་མེད་གངྒའི་རྒྱུན། ཁ་ཅིག་རྒྱལ་དང་མཁས་རྣམས་གང་བཞེད་པའི། ལུགས་ཆེན་དོར་ནས་རང་གི་རྒན་པོ་ཡི། རྗེས་སུ་འབྲངས་ནས་སངས་རྒྱས་བསྟན་པ་ལ། ཞུགས་ཀྱང་དེ་དོན་བསྒྲུབ་པར་མི་ནུས་ཤིང། དུས་ཀྱི་དབང་གིས་རྒྱལ་བའི་བསྟན་པ་ཡང། ལྐོག་མར་ཕྱིན་པའི་དབུགས་ལྟར་གྱུར་པ་ཡི། ལུགས་བཟང་འདི་ཡང་ཆེས་ཆེར་ཉམས་གྱུར་པས། བསྟན་དང་འགྲོ་ལ་ཕན་པར་དགོངས་རྣམས་ཀྱིས། རྒྱལ་བའི་བཀའ་དང་མཁས་གྲུབ་བཞེད་གཞུང་ལ། ལེགས་པར་སྦྱངས་པའི་བསྔགས་འོས་ཆེན་པོ་གང། སྔོན་བྱུང་སྐྱེས་ཆེན་དམ་པ་དེ་དག་གི། རྣམ་ཐར་འདི་དོན་ཉམས་སུ་བླང་བར་རིགས། ཟབ་མོ་ལྟ་བས་འཁྲུལ་པའི་མཚན་མ་ཞི། ཉམས་ལེན་སྒོམ་པས་སེམས་ཉིད་རང་སར་གྲོལ། རྒྱ་ཆེན་སྤྱོད་པས་ཕྱིན་དྲུག་ལམ་དུ་འཁྱེར། བརྒྱུད་པ་འདི་ལ་མི་མོས་