R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༩༢བ
[A:༩༢བ] སྲོལ་འཛིན་ཅིང་སྤེལ་བར་མཛད་པའི་སྐྱེས་བུ་དམ་པ་རང་རང་གི་ཆོས་སྲོལ་གང་འཛིན་ཀྱང་གཙུག་གི་ནོར་བུ་ལྟར་བསྟེན་ཅིང། ཡོན་ཏན་བརྗོད་པའི་གནས་སུ་གྱུར་པས། ཆོས་དང་གང་ཟག་ལ་རིས་སུ་བཅད་ནས་སྨྲ་བའི་བློས་མ་ཡིན་གྱི། བཀའ་གདམས་ཀྱི་བཤེས་གཉེན་གོང་མ་དེ་རྣམས་ཡོན་ཏན་སྦེད་པ་ལ་གཙོ་བོར་མཛད་པ་ནི། གླེགས་བམ་ལས། ཇོ་བོ་ཡབ་སྲས་ཀྱི་སྐྱེས་རབས་རྣམས་ཆོས་ལུགས་མི་གཅིག་པའི་སྣོད་མིན་ལ་གསང་བར་ཡང་གདམས་ཤིང། ལམ་ཡིག་ལས་ཀྱང། བཀའ་གདམས་པ་གོང་མ་རྣམས་ཀྱི་བཞེད་པ་སྐྱེ་བ་དྲན་པ་ཙམ་ལ་ཡོན་ཏན་དུ་མི་མཛད། སྦས་པའི་གཏེར་བསྲུང་སླ་བ་བཞིན་དུ། ཡོན་ཏན་ཐམས་ཅད་ནང་དུ་སྦེད་པ་ཡིན། བླ་མ་རྗེ་བཙུན་ཆེན་པོ་ལ་ཕྱག་དར་སྟོན་པ་སོགས་ཀྱིས། ཇོ་བོའི་སྐུ་ཚེ་སྔ་ཕྱི་དང། སངས་ཇི་ལྟར་རྒྱ་བའི་ལོ་བརྒྱུས་རྒྱུས་ཡི་གེར་བྲི་བ་ཞུས་པས། གཙུག་ཏོར་དུ་བཅད་དོ། ཕུར་བུས་གདབ་པོ་བྱ་བ་དེ་བགེགས་ལ་ནུས་པ་མེད་པར་བྱེད་པ་ཡིན། དེ་བཞིན་དུ་བཀའ་དང་བླ་མའི་མན་ངག་ལ་ཚིག་གི་ཕུར་པ་བཏབ་པས་བྱིན་བརླབས་ཆུང་དུ་འགྲོ་བ་ཡིན། དེས་ན་ཆོས་ཚོང་དུས་ཀྱི་འོ་མ་བཞིན་དུ་འགྲོ་བས། ཚིག་ཟིན་པར་བྱ། དོན་གོ་བར་བྱ། རྟོགས་པ་རྒྱུད་ལ་སྐྱེས་པར་བྱ། ཡི་གེར་མི་བྲི་བར་བྱ་གསུང་ནས། ཕྱག་དར་ལ་ནན་ཆགས་སུ་མཛད་ཅིང་གསུངས་ཤེས་ཁུངས་སུ་མཛད་ནས། རྗེས་སུ་འབྲང་བ་རྣམས་ཀྱིས་ཀྱང་རྣམ་ཐར་རྒྱས་པ་མ་བཀོད་ཅིང། གདུལ་བྱ་ཐུན་མོང་བ་དང་བསྟུན་པའི་རྣམ་ཐར་མདོར་བསྡུས་ཙམ་དང། འདས་དུས་ངོས་འཛིན་གྱི་ཡི་གེ་ཆེ་ཆུང་མ་གཏོགས། རྣམ་ཐར་ཕྱོགས་གཅིག་ཏུ་བསྒྲིགས་པ་