R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༦༨
[A:༡༦༨]པས་ཆོས་འདིའི་སྲོག་རྩ་ཟིན། །གཞན་ཡང་དད་པ་ཅན་སྟོང་ཙམ་དང་ལྷན་ཅིག་ཏུ་དོང་སྤྲུགས་ཀྱི་དབང་ཞུས་པའི་ཚེ་དབང་ཚུགས་ནས་མ་གྲོལ་བར་ཉིན་རེ་བཞིན་མེ་ཏོག་གི་ཆར་འབབ་པ་སོགས་ངོ་མཚར་བའི་ལྟས་དུ་མའང་བྱུང་ཞིང༌། ཡང་དག་མཁའ་འགྲོ་རྒྱུན་གཏོར་གྱི་དབང་ལུང་སོགས་གདམས་པ་ཟབ་ལ་དཀོན་པ་དུ་མ་ཞིག་ཐོབ། དེ་ནས་རེ་ཞིག་མྱུག་ཉིད་དུ་མཚམས་ལ་བསྡད་པའི་ཁ་ཏོན་བགྱིས། རང་ལོ་སོ་ལྔ་པ་རྟ་ལོའི་ནང་དུ་དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཞེ་གཉིས། ཀྲྀ་ཡའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་རྣམས་དང༌། མི་ཏྲ་བརྒྱ་རྩའི་དཀྱིལ་འཁོར་ཕལ་ཆེ་བ་བཞེངས་ཤིང་གཙོ་བོར་མཚམས་ཉིད་ལ་བསྡད། ཆོས་ཀྱི་རྗེ་ཁྲོ་ཕུ་རིན་པོ་ཆེ་ཉི་ཟླ་བ་དང༌། དད་པ་དང་ཡོན་ཏན་གྱིས་རྒྱུད་ཕྱུག་པའི་ཆོས་རྗེ་ཤར་པ་བསོད་ནམས་ཆོས་འཕེལ་བ་སོགས་ལ་བདེ་མཆོག་ཨེ་ཀ་ཛ་ཏི་ལམ་ཡོངས་སུ་རྫོགས་པ་ཞིག་ཕུལ། ཟླ་བ་བརྒྱད་པ་ལ་འོ་ཡུག་སྡིངས་མ་དགོན་པར་དད་གུས་ཀྱིས་རྒྱུད་ཕྱུག་པའི་སློབ་དཔོན་བུདྡྷ་བ་དང༌། སྡེ་སྣོད་དང་རྒྱུད་སྡེའི་དོན་སྨྲ་བའི་དྲུང་པ་བསླབ་གསུམ་པས་གཙོ་བྱས་ཉུང་ངུ་ཞིག་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྫོགས་རིམ་ཐུན་མོང་མ་ཡིན་པ་རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་མྱོང་ཁྲིད། རྭ་པོད་ཀྱི་ལུང་རྣམས་དང༌། དོན་གཉེར་མང་པོ་ལ་བདེ་མཆོག་ནག་པོ་པ་དང༌། དྲིལ་བུ་པའི་དབང༌། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། རྩ་དབུ་མའི་ཁྲིད་ལུང་དང་བཅས་པ། གཅོད་ཟབ་དོན་ལུགས་ཀྱི་དབང་ཁྲིད་ལུང་དང་བཅས་པ་དང༌། ཆོས་རྗེ་ཀྱུར་རྩེགས་དབོན་པོ་སོགས་ལ་བྱང་གཏེར་ཐུགས་སྒྲུབ་