R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༦༩
[A:༡༦༩]ཀྱི་དབང་ལུང་ཡོངས་སུ་རྫོགས་པ་སོགས་སོ་སོའི་བཞེད་པ་དང་བསྟུན་པའི་ཆོས་ཀྱང་མང་དུ་བཤད་རྗེས། ར་གོང་བརྒྱུད་འབྲོག་རྒྱ་མཚོ་ཆོས་ཀྱི་འབྱུང་གནས་སུ་ཕྱིན། རྗེ་བཙུན་རྭ་ལོ་ཙཱ་བའི་གདུང་བརྒྱུད་རྣམ་པར་དག་པ་བླ་ཆེན་ཆོས་དཔལ་བཟང་པོའི་སྤྲུལ་པའི་སྐུ་བླ་ཆེན་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་གྱི་ཞལ་སྔ་ནས་མཉེས་པར་བྱས་ནས། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རྭ་ལུགས་ཐུན་མོང་མ་ཡིན་པའི་དབང༌། སྡོང་སྟོན་གྱིས་མཛད་པའི་ཡི་གེ་མང་པོའི་ལུང༌། སྐྱོ་ལུགས་རྭ་རྩེ་སེམས་འཛིན་གྱི་ཁྲིད། རྡོ་རྗེ་གཞོན་ནུས་ལུགས་ཀྱི་དབང་ལུང༌། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་སོགས་གསུང་གི་བདུད་རྩི་ཁ་ཅིག་ཞུས། ལས་ཀྱི་གཤིན་རྗེ་དང༌། དཀར་བདུད་ལྕམ་དྲལ་གྱི་རྗེས་གནང་མ་ཞུས་ཀྱང་དགྱེས་བཞིན་གནང་བ་སོགས་ལུགས་གཉིས་ནས་བརྩེ་སྐྱོང་དཔག་ཏུ་མེད་པ་མཛད། བརྒྱ་ཚོ་ནས་སྡེ་པའི་དྲུང་གིས་ཀྱང་བསམ་གྱིས་མི་ཁྱབ་པའི་སྐུ་དྲིན་གྱིས་བསྐྱངས། བླ་མ་དེའི་གསུང་ནན་ཆེས་པ་ཇི་ཙམ་འབད་ཀྱང་ཟློག་པར་མ་ནུས་པར་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་ལུང་མན་ངག་ཐམས་ཅད་རྫོགས་པ་ཞིག་ཕུལ། དགེ་སློང་བཀྲ་ཤིས་དཔལ་ཞེས་བྱ་བ་མང་དུ་གསན་ཞིང་གཟིགས་པ་མཁྱེན་ལྡན་ཞིག་གདའ་བ་དེས་ཞུས་ནས། བདེ་ཆེན་རལ་གཅིག་གི་སྨིན་གྲོལ་ཡོངས་སུ་རྫོགས་པ། ཐུགས་རྗེ་ཆེན་པོ་པདྨ་དྲ་བའི་དབང༌། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། །རྒྱལ་བ་རྒྱ་མཚོ་མུན་སེལ་སྒྲོན་མེ། མི་ཏྲ་བཅུ་གསུམ་མ་རྣམས་ཀྱི་དབང་ལུང་རྫོགས་པ་སོགས་ཆོས་མང་དུ་བཤད་ཅིང་ཞག་ཉེར་ལྔ་བསྡད།