R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༤༩
[A:༢༤༩]དམ་པ་ཁ་ཅིག་གིས་གསུངས་པ་དང་མངོན་ཤེས་ཡོད་པར་གྲགས་པ་འདྲས་ལུང་བསྟན་པ་འདྲ་ཡོད་ནའང༌། བདག་གི་སྤྱོད་པ་ངན་པ་འདིས་ཡིན་ཟེར་བ་དེ་དག་གི་ཞབས་འདྲེན་དང༌། ལུང་སྟོན་པ་པོ་རྣམས་ལ་སྐུར་འདེབས་ཀྱི་རྒྱུར་སོང་གི་དོགས་ནས་འགོད་མ་ནུས། ད་ལྟར་གྱི་རང་ངོས་ལ་ཇི་ལྟར་ཡོད་པའི་སྐྱོན་ཡོན་ཐམས་ཅད་ལྷུག་པར་བཀོད་པ་འདི་ནི་ལྕགས་མོ་བྱའི་ལོ་ཟླ་བ་བརྒྱད་པའི་ཉེར་དགུ་ནས་བརྩམས་ཏེ། ཟླ་བ་དགུ་པའི་ཉེར་གཅིག་ལྷའི་བླ་མ་རྒྱལ་སར་བྱོན་པའི་འགྲུབ་སྦྱོར་དགེ་བའི་ཉིན་ཞག་ལ་རྫོགས་པར་རྗེ་བླ་མས་ཉེ་བར་བྱིན་གྱིས་བརླབས་པའི་གནས། དཔལ་སྦུག་རྣམ་པར་གྲོལ་བའི་རི་ཁྲོད། གསང་སྔགས་རབ་འབྱམས་ཀྱི་ཆོས་སྒྲ་རྒྱུན་མི་འཆད་པར་སྒྲོག་པའི་བསྟི་གནས་སུ། མཁན་ཆེན་མཁྱེན་བརྩེ་བ་རང་ཉིད་ཀྱིས་ལེགས་པར་སྦྱར་བ་འདིའི་ཤོག་བུ་ཐམས་ཅད་ཟུར་གྱི་སྔགས་འཆང་འཇམ་དབྱངས་པས་ཕུལ་ཏེ་མཐར་ཕྱིན་བར་གྲུབ་པའོ། །དེ་ལྟར་སྒྲོ་བསྐུར་དྲི་མས་མ་གོས་ཤིང༌། །དོན་ལ་རྟོག་པ་ཉིད་དུ་གང་བཀོད་པ། །མཁས་བླུན་སྐྱེ་བོ་ཀུན་གྱི་གཞད་གད་གནས། །འདི་མིང་ངོ་མཚར་སྙེ་མ་ཞེས་བྱའོ། །ཁྱི་སོ་རིང་བསྲེལ་ཕུང་པོར་སོང་བ་བཞིན། །རང་སྣང་དག་ན་བྱིན་རླབས་རྒྱུད་ལ་འཇུག །སློག་གཤམ་འདྲུད་པའི་སྐྱེ་བོ་དེ་དག་ལ། །སངས་རྒྱས་དངོས་སུ་བྱོན་ཀྱང་ཅི་བགྱིད་མཆིས། །འདི་འབད་དགེ་བས་མཁའ་མཉམ་སེམས་ཅན་ཀུན། །ཀུན་མཁྱེན་བླ་མ་དམ་པའི་རྗེས་ཞུགས་ནས། །ནས་བཞིན་ཀུན་ལ་ཕན་བདེ་སྩོལ་བའི་རྒྱུ། །རྒྱུ་འབྲས་བླང་དོར་ཚུལ་བཞིན་བྱེད་པར་