R17: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ།

  • Pagination (Witness A): ༡༣༠
[A:༡༣༠]ལ་བཞུགས་པའི་དུས་སུ་སྤྲིན་སྔར་གྱི་འདྲ་བ་ཅིག་བྱུང༌། དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གསལ་པོར་གཟིགས་ནས་སྤོས་ཕུལ་གསུངས་ནས་སྤོས་ཕུལ། བཅོ་ལྔའི་སྔ་དྲོ་ཡང་ཕྱི་ན་བཞུགས་པའི་དུས་སུ་སྤྲིན་སྔར་གྱི་འདྲ་བ་ཅིག་བྱུང༌། འཇམ་དབྱངས་ལན་གསུམ་གཟིགས། ཡང་སྤོས་ཕུལ་གསུངས་སྤོས་ལན་གསུམ་ཕུལ་བའི་རྟིང་ལ་ང་ལ་གཟིགས་ནས་བཞད་ཅིག་མཛད་ཅི་ལགས་ཞུས་པས། འཇམ་དབྱངས་དང་བྱམས་པ་གཉིས་བགྲོ་གླེང་མཛད་ཀྱིན་འདུག་གསུངས། དེའི་ཚིག་ཀྱང་གསུངས་པས་བརྗོད། དེའི་ཕྱི་ཉིན་བསྐོར་བ་མཛད་དུས་སུ་མཆོག་སྦྱིན་དཔལ་གྱིས་བཞུགས་ཁྲི་ཅོག་ཙེ་ཆུང་ངུ་ཅིག་དང༌། བཞུགས་འབོལ་ཅིག་བཟུང་ནས་སྔོན་ལ་འགྲོ། བདག་གི་དཔུང་པ་གཡས་ལ་ཕྱག་གིས་བརྟེན་ནས་བཞུད། མཆོད་ཁང་ཐད་སོར་བྱོན་པ་དང༌། བཞུགས་ཁྲི་དེ་ལ་བཞུགས་ནས་མཆོག་སྦྱིན་དཔལ་ཁྱོད་ཇ་བསྐོལ་དུ་སོང་གསུངས། བདག་ལ་ཁྱོད་སོང་ལ་སྤོས་ཅིག་སྦྱོར་ལ་ཤོག་གསུངས། སྤོས་སྤོར་བ་དང་ཨཱ་ཡུ་ཏཱ་ར་གསུངས། སྒྲོལ་མ་ཞལ་གཟིགས་པར་འདུག །ཚེས་བཅུ་བདུན་གྱི་ནམ་གུང་ཙམ་ལ་བདག་དྲུང་ན་ཙོག་གེ་ཡོད་པས། གཟིམས་པ་དེ་ཙོག་གིས་བཞེངས་ནས། ཁྱོད་ཀྱིས་ཅི་ཡང་མ་མཐོང་ངམ། གླུ་དབྱངས་རོལ་མོའི་སྒྲ་ཐོས་སམ་གསུངས། སློབ་དཔོན་ཇོ་གདན་དང་ངེད་མང་རབ་ཡོད་པས་རོལ་མོའི་སྒྲ་ཐོས་གཞན་ཅི་ཡང་མ་མཐོང་ཞུས་པས། བདག་ལ་གཟིགས་ཏེ་བདེ་མཆོག་གི་གཙོ་བྱས་པའི་དཀྱིལ་འཁོར་བཅུ་གསུམ་གྱི་སྣང་བ་བྱུང་གསུངས། དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱིས་གླུ་དང་གར་མཛད་ཅིང་འདུག་གསུངས། ཚིགས་བཅད་མང་པོ་ཅིག་གསུངས་པ་བདག་གིས་མ་ཟིན། སློབ་དཔོན་ཇོ་གདན་གྱིས་མང་རབ་ཅིག་ཟིན་སྣང་བ་འདིར་མ་བྲིས། གཞན་ལ་མ་བཤད་སྡིག་པ་བསོག་པའི་རྒྱུ་རུ་འགྲོ་གསུངས། ཇུ་གུར་མེ་མར་ན་དགེ་བཤེས་རྡོ་རང་ཟེར་བ་ཅིག་ན་ཤིང་ཡོད་པ། བདག་གི་སློབ་མ་རིན་ཆེན་རྒྱལ་མཚན་བལྟར་བཏང་བས། བཤང་གཅི་ཐམས་ཅད་མལ་དུ་བཏང༌། གཡོག་