R17: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ།

  • Pagination (Witness A): ༡༣༡
[A:༡༣༡]པོ་མེད། སྟུག་པར་སྣང་བའི་ལོ་རྒྱུས་དྲུང་ན་ཟློ་ཞིང་སྣང་བ་དང༌། ཆོས་རྗེའི་ཞལ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་མཁྱེན་བཞིན་དུ་ཐུགས་རྗེས་མི་གཟིགས་པ་གསུངས། དེའི་ནུབ་མོ་ཐོ་རངས་བླ་མ་རྗེ་བཙུན་པ་དང༌། སློབ་དཔོན་བིརྺ་པ་དང༌། ནག་པོ་པ་གསུམ་བྱོན་ནས་ཁྱོད་དེ་ལ་ཡིད་མ་ཆད། ཟག་བཅས་ཀྱི་ལུས་འདི་ལ་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་ཡོད་པ་ཡིན་གསུངས། བིརྺ་པས་འཛུམ་པ་མཛད། ནག་པོ་པས་དེ་ཡིན་གསུངས། བིརྺ་པས་ཐོད་པའི་བདུད་རྩི་ལ་སྲིན་ལག་གིས་རེག་ནས་ཁྱོད་ཀྱིས་ལྗགས་རྐྱོངས་གསུངས་ནས་ལྗགས་ལ་ཐིག་ལེ་བྱས་པའི་སྣང་བ་བྱུང་གསུངས། དེའི་དུས་སུ་རྟོག་པ་དང་རྟོག་མེད་མཐའ་ལས་འདས་པ་བདེ་གསལ་མི་རྟོག་པ་རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་ལ་ཡང་འདི་ལས་ལྷག་པ་མེད་སྙམ་པའི་སྣང་བ་བྱུང༌། དེ་ནས་བླ་མ་རྗེ་བཙུན་པས་འདི་ནས་གཞན་དོན་ལ་འགྲོ་བའི་དུས་སུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དུ་མ་བརྒལ་བའི་ཕ་རོལ་ཏུ་མཁའ་ལ་གནས་པའི་རིག་པ་འཛིན་པར་གྱུར་ནས་དེ་བཞིན་གཤེགས་པ་དུ་མ་མཉེས་པར་བྱས་ཤིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་དུ་མ་ཡོངས་སུ་སྨིན་པར་བྱས་ནས་ས་དང་ལམ་ཕལ་ཆེར་བགྲོད་དེ། སྐྱེ་བ་གསུམ་པ་ལ་ཛམྦུའི་གླིང་འདི་ཉིད་ཀྱི་རྒྱ་གར་ཤར་ལྷོ་མུ་མུ་ནི་ཞེས་བྱ་བར་རྒྱལ་པོ་ཉི་མའི་སྟོབས་འཕེལ་ཞེས་བྱ་བའི་བུར་འཁྲུངས་ནས། གཞོན་ནུ་ལ་རྩོམ་པ་དང་འཆད་པ་མང་པོ་མཛད། མངོན་པར་ཤེས་པས་འཇིག་རྟེན་ཐམས་ཅད་ལ་གཟིགས་ཏེ། འཁོར་དད་ལྡན་འབུམ་ཕྲག་དུ་མ་གྲོལ་བར་བྱས་ནས། དེའི་དུས་སུ་ངས་དབང་བསྐུར་བ་དང༌། ཆོས་འབྲེལ་བྱས་པ་ཙམ་ཐམས་ཅད་ངའི་འཁོར་དུ་འོང་བར་འདུག་གསུངས་པའི་ཚིག་ཀྱང་ཡོད། སྐུ་ཚེའི་ཚད་ཀྱང་ཡོད་པ་བརྗེད་ཟིན། དེ་ནས་སྐུ་ཚེ་འཕོས་ནས། སངས་རྒྱས་དྲི་མ་མེད་པའི་དཔལ་ཞེས་བྱ་བར་སྐུ་སྐྱེ་བ་བཞེས་ནས་སེམས་ཅན་གྱི་དོན་མཛད་པར་འདུག་གསུངས། རྗེ་བཙུན་པས་བིརྺ་པ་དང་ནག་པོ་པ་ལ་དེ་ལྟར་ལགས་སམ་གསུངས།