R17: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ།

  • Pagination (Witness A): ༡༣༢
[A:༡༣༢] སློབ་དཔོན་གྱིས་དེ་ཡིན་གསུངས། ནག་པོ་པས་ཀྱང་དེ་ཡིན་གསུངས་ནས་མཐུན་འགྱུར་མཛད་དེ་ནས་བདག་ལ་ཚོགས་ཀྱི་མཆོད་པ་ཤོམས་ཤིག་གསུངས་ནས་བཤམས་སོ། །དེ་ནས་ཟབ་མོའི་ལམ་ལ་ནན་ཏན་དུ་མཛད་པའི་སྟོབས་ཀྱིས་གསང་བའི་གནས་བལྟར་མི་མངོན་པ་དང༌། དབུའི་གཙུག་ཏོར་གསལ་པོར་འཕགས་པ་དང༌། སྨིན་མཚམས་ཀྱི་མཛོད་སྤུ་དུང་ལྟར་འཁྱིལ་བ་ལ་སོགས་པའི་སྐུ་ཡོན་ཏན་དང་ལྡན་པར་གྱུར་ཏོ། །ཟླ་བ་བཅུ་གཅིག་པའི་ཡར་ཚེས་བདུན་ལ་སྤྲུལ་པའི་ལྷ་ཁང་ན་ཚོགས་ཚད་ཀྱིས་ཐོས་པའི་སྒྲ་སྣ་ཚོགས་པའི་རོལ་མོ་གྲག །ཁོ་བོས་རྒྱུ་མཚན་ཅི་ལགས་ཞུས་པས། ཁྱེད་ཐམས་ཅད་གསོལ་བ་འདེབས་པ་ལ་བརྩོན་པར་གྱིས་གསུངས། ལམ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་མགོ་དང་རྐང་ལག་ལ་སོགས་པ་བདོག་པ་ཐམས་ཅད་བཏང་བ་བས་ཀྱང་དབང་བསྐུར་བ་མཆོག་ཐོབ་པའི་བླ་མ་ལ་མོས་གུས་དང་ཞབས་ཏོག་སྐད་ཅིག་ཙམ་བྱས་པ་བསོད་ནམས་ཆེ་གསུངས། ཡོད་ཚད་བླ་མ་རང་ལ་ཕུལ་བས་དེའི་དུས་སུ་བདག་ལ་འབུལ་རྒྱུ་མེད་པས་སྔོན་གནས་བརྟན་རྐང་པ་བཅོས་པའི་ཡོན་དུ་བྱིན་པའི་ཞ་ཕྲུག་གི་ཕྱམ་ཚེ་དམར་པོ་སོ་མ་ལེགས་པ་ཅིག་ཡོད་པ་དེའི་ཕུད་ཕུལ་བས་ཆོས་རྗེ་རང་གིས་བསྣམས་ནས་ཡོད་པ་དེ་འབུལ་དགོས་སྙམ་བྱུང་བས་ཞལ་འཛུམ་པ་ཅིག་མཛད་ནས་དེ་ང་ལ་འབུལ་མི་དགོས། དེ་སྔར་ངས་གྱོན་པ་དེ་ཀ་ཕུལ་བ་ཡིན། ཁོ་བོ་བྱང་ཆུབ་དམ་པ་བརྙེས་པའི་དུས་སུ་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ་ཁྱེད་སློབ་མ་རྣམས་ཀྱིས་ཞབས་ཏོག་ཅི་བྱས་པ་ཐམས་ཅད་གཟིགས་པ་ཡིན། དེའི་དབང་བསྐུར་བ་དང་སེམས་བསྐྱེད་ཞབས་ཏོག་ཅི་བྱས་པ་ཐམས་ཅད་ཁོ་བོས་མཐོང་ཞིང༌། རྗེས་སུ་དྲན་པ་ཐམས་ཅད་དང༌། རེག་པ་དང༌། གཏམ་བྱས་པ་དང༌། འབྲེལ་པ་བྱས་པ་ཐམས་ཅད་དོན་མེད་པར་མི་འགྱུར་བར་ངན་འགྲོའི་སྡུག་བསྔལ་ལས་གྲོལ་བ་ཡིན། དེས་ན་ཁྱོད་ཀྱིས་ཀྱང་ངའི་ཞབས་ཏོག་མང་པོ་བྱས་པས་དགའ་བ་སྒོམས་ཤིག་གསུངས། བདག་གིས་ནུབ་གཅིག་སྲོད་ནས་ཐོ་