R17: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ།

  • Pagination (Witness A): ༡༡༤
[A:༡༡༤]བྲིས་ནས་དེ་ལ་ཀློག་པའི་ཚུལ་མཛད་དེ། ཡང་མི་འགོམ་པར་ཕྱག་གིས་ཟུལ་གྱིས་ཕྱིས་གཏོང་བ་ཅྀག་བྱུང༌། ཡང་རྒྱ་ཀློག་དང་བོད་ཀློག་གཉིས་ཀ་མ་བསླབ་པར་སྔ་མོར་ཤེས་འདུག་སྟེ་སྔོན་ལ་འདི་ཤེས་དྲན་པ་ཙམ་མི་འདུག་གསུང༌། དེ་ནས་ཅུང་ཟད་ཆེར་སྐྱེས་པ་དང༌། ཡི་གེའི་བྱེ་བྲག་རྒྱ་ཡིག་བོད་ཡིག་ལ་སོགས་པ་དང༌། རྩིས་དང༌། གསོ་དཔྱད་དང༌། རི་མོ་ལ་སོགས་པ་བཟོའི་བྱེ་བྲག་ཐམས་ཅད་ཀྱང་བསླབ་པ་ཙམ་གྱིས་ཚེགས་མེད་པར་མཁྱེན་ཅིང༌། གཞོན་ནུ་ནས་ཡོན་ཏན་གྱི་གཏེར་ཆེན་པོར་གྱུར་པས་མཁས་པ་གཞན་དུ་མ་དང༌། ཉིད་ཀྱི་སློབ་དཔོན་དུ་གྱུར་པ་དེ་དག་ཀྱང་སྤྲུལ་པ་དང་བྱིན་གྱིས་བརླབས་པ་ཡིན་གྱི་རང་རྒྱུད་པ་མ་ཡིན་ནོ་ཞེས་གསུང་ཞིང་ཀུན་གྱིས་ངོ་མཚར་དུ་འཛིན་ཏོ། །གཞན་ཡང་གཞོན་ནུ་ཉིད་ནས་རང་གི་ཡབ་དགེ་བའི་བཤེས་གཉེན་གསང་སྔགས་རིག་པ་ཉིད་ལ་དབང་བསྐུར་བ་ནོད་དེ། དགེས་པ་རྡོ་རྗེའི་སྒྲུབ་ཐབས་མཚོ་སྐྱེས་དང༌། ཡན་ལག་དྲུག་པ་དང༌། དབང་ཆུ་རབ་གནས། སྦྱིན་སྲེག་གི་ཆོ་ག །འཁོར་ལོ་བདེ་མཆོག་ལོ་ཧི་པ། རྡོ་རྗེ་དྲིལ་བུའི་སྐོར་གསུམ། མཆོད་པའི་ལག་ལེན། མི་གཡོ་བ། འཇམ་དཔལ། སྤྱན་རས་གཟིགས། རྣམ་རྒྱལ། འོད་ཟེར་ཅན། རྡོ་རྗེ་རྣམ་འཇོམས་ལ་སོགས་པའི་སྒྲུབ་ཐབས་ཐུགས་དམ་དུ་མཛད་པ་རྣམས་དང༌། རྩ་ལྟུང༌། བླ་མ་ལྔ་བཅུ་པ། སྡོམ་པ་ཉི་ཤུ་པ། ཕྱག་ན་རྡོ་རྗེ་མདོ་ལུགས་བརྟག་པའི་སྐོར་དང་བཅས་པ། སྨན་དཔྱད་ཀྱི་གཞུང་མན་ངག་རྣམས་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཡང་རྗེ་བཙུན་རིན་པོ་ཆེ་ལས། དབང་བྱིན་རླབས་རྒྱུད་འགྲེལ་མན་ངག་ལ་སོགས་ཡབ་མེས་ཀྱི་ཆོས་རྣམས་རིམ་གྱིས་གསན་ཅིང་སྦྱང་བར་མཛད། དགུང་ལོ་བརྒྱད་པའི་དུས་སུ་མཚོ་སྐྱེས་ལ་བཤད་པ་མཛད། བཅུ་གཉིས་པ་ལ་བརྟག་གཉིས་ལ་བཤད་པ་མཛད། བཅུ་བཞི་པ་ལས་སམྦུ་ཊ་གསུངས། བཅོ་ལྔ་ལོན་པ་དང་ཡབ་མེས་ཀྱི་ཆོས་མ་ལུས་པ་ཐུགས་སུ་ཆུད་པར་མཛད། དེ་ནས་དགུང་ལོ་བཅོ་བརྒྱད་པའི་དུས་སུ་མནལ་ལམ་