R17: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་གསུང་སྒྲོས་མ།

  • Pagination (Witness A): ༡༡༥
[A:༡༡༥]དུུ་ས་སྐྱའི་ལྟག་གི་ཨ་ཕྱིའི་མཆོད་རྟེན་དེའི་དྲུང་དུ་སློབ་དཔོན་དབྱིག་གཉེན་ལས་མཛོད་གསན་ཏེ། དེ་ཡང་ནུབ་གཅིག་ལ་ཟླ་བ་གཅིག་གི་སྣང་བ་བྱུང༌། སློབ་དཔོན་མཆོད་རྟེན་གྱི་དྲུང་ནས་ཞལ་ཤར་དུ་གཟིགས་ཏེ་གསུངས། སློབ་དཔོན་དེ་ཡང་སྐུ་མདོག་བག་གིས་སྔོ་བ། ཆ་ལུགས་སྐུ་ཉམས་ལ་སོགས་པ་སྒེག་དྲགས་པ་ཡང་མ་ཡིན་པ། དར་ཡོལ་བ་ཅིག་ཏུ་སྣང༌། དུས་སྔ་དྲོའི་ཚེ་ན་ཆོས་ཐུན་སུམ་ཅུ་ལ་རྫོགས་པར་གསུངས། ཆོས་རྗེ་སློབ་དཔོན་གྱི་གཡས་ནས་ཞལ་བྱང་དུ་གཟིགས་ཏེ། དཔེ་བཀྲམ་ནས་གསན་པ་རྨིས་ཏེ་མནལ་སད་པ་དང་ཚིག་དང་དོན་ཀུན་ཐུགས་ལ་བྱུང་འདུག་གསུང༌། ཕྱིས་བླ་མ་པཎ་ཆེན་ལས་དངོས་སུ་གསན་པ་དང་མཐུན་པར་བྱུང་གསུང་ངོ༌། །ཡང་ནུབ་གཅིག་གི་རྨི་ལམ་ན་མི་ཅིག་ན་རེ་ཕྱོགས་ཀྱི་གླང་པོའི་གདན་ས་གཏོང་པས་འབྱོན་པར་ཞུ་ཟེར་ནས་རྒྱ་གར་ཤར་ཕྱོགས་སུ་ཕྱོགས་གླང་གི་ཕུག་པ་ཡིན་ཟེར་བའི་སྒོ་ཤར་དུ་བལྟས་པ་ཅིག་ཏུ་བྱོན། སྒོ་ཕྱེ་སྟེ་ནང་དུ་བྱོན་པ་དང༌། ཕྱོགས་ཅིག་ན་བཀའ་པོད་མང་པོ་འདུག་པ་གཟིགས་ནས་དེ་དག་ཞལ་དབྱེ་བར་བྱས་པའི་ཚེ། མི་ཅིག་གིས་ན་བཟའི་སྣ་ནས་ཕྱིར་ལ་ཐེན་ཕྱེད་པ་སྙམ་བྱུང་བས་མནལ་སད་དེ་དཔེ་གཟིགས་ལོང་མ་བྱུང༌། དེ་ནི་ད་ལྟའི་གཡེང་བ་མང་པོ་དང༌། མཐའ་མི་ལ་སོགས་པས་ཉན་བཤད་ཀྱི་བར་ཆད་ཅུང་ཟད་བྱེད་པ་འདི་ལ་ལྟ་བ་འདྲ་གསུངས། དེའི་རྗེས་ལ་ཚད་མ་ལ་རྟོགས་པ་ཁྱད་པར་ཅན་སྐྱེས་གསུང༌། དེ་ནས་དགུང་ལོ་བཅུ་དགུ་པའི་དུས་སུ་འཕྲང་དུ་དགེ་བཤེས་ཞུ་ཧྲུལ་ལས་བྱམས་ཆོས་དང་ཚད་མའང་བག་ཙམ་གསན། དགུང་ལོ་ཉི་ཤུ་པའི་དུས་སུ་ཉང་སྟོད་རྐྱང་འདུལ་དུ་དགེ་བཤེས་མཚུར་གཞོན་ནུ་སེང་གེའི་དྲུང་དུ་ཚད་མ་གསན་དུ་བྱོན་པས། ཉམས་ཁྲིད་ཚར་གཅིག་ལ་ཚིག་དོན་མ་ལུས་པ་ཐུགས་ལ་བྱོན་ནས་བཤད་པར་ཞུས་པས། ཁོང་རང་གི་བློའི་རྒྱབ་བཀབ་ནས་མགོ་མ་ཐོན་གྱི་དོགས་ནས་ད་རུང་ཉོན་གསུང༌། རྣམ་ངེས་སྟོད་ཚར་བཞི།