R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༦༤
[A:༥༦༤]རི་ཁྲོད་དུ་བསེ་རུའི་སེམས་བསྐྱེད་ཀྱང༌། །ཁོང་ཆོས་ལྡན་གྱི་སྡེ་སྲིད་ཞལ་ངོ་ཡི། །ཐུགས་དཀར་བའི་ལྕགས་ཐག་བཟང་པོ་བཏགས། །རང་རྦད་ཆོད་ཀྱི་སྙིང་སྟོབས་ཞན་པས་ན། །ཁོང་དད་ལྡན་ལ་ཆགས་ནས་ཞོལ་ལེ་ལུས། །དེ་ནས་ས་ལུང་ནས་ལྷ་བཟང་དྲུང་དང་སྐྱེད་འཕྲང་དྲུང་ལ་སྡེ་སྲིད་ནས་བཀའ་སྐྱོན་ཡོད་པ་འདུག་པས་ཞུ་ངོ་དགོས་ཟེར། ལྷ་རྩེར་འདུལ་ལགས་བཞུགས་པའི་རྣམ་སྲས་གླིང་དུ་ཕྱིན། སྐྱིད་འཕྲང་ནས་ཅུང་ཡངས་པ་འདུག །ལྷ་རྩེ་རྩེའི་བྱང་ཕྱོགས་དེ་ན་ལྷ་བཟང་ལགས་བཞུགས་འདུག་པས་དེར་ཕྱིན་ཐུགས་གསོ་གང་ཡོང་བྱས། རྩེར་སྡེ་སྲིད་ཆོས་རྒྱལ་ནམ་མཁའ་རྒྱལ་པོ་ལ་ཞུ་སྙན་ཕུལ། ཧོར་ཁྲིམས་མི་ཡོང་བའི་ཞལ་བཞེས་བཟང་པོ་བྱུང༌། དེར་མི་དབང་དཔྱོད་ལྡན་གྲགས་པ་ལགས་སོགས་ཀྱི་རྣམ་ཐར་དཔལ་གྱི་འཁྲི་ཤིང་འདི་དཔག་བསམ་འཁྲི་ཤིང་གཉིས་པ་ཡིན་པས་འཕྲོ་རྫོགས་པ་ཞིག་རྩོམ་དགོས་གསུང་ཤིན་ཏུ་ནན་ཆགས་པ་དང༌། མི་དབང་དགྲ་འདུལ་དོན་གྲུབ་ཀྱིས་བཟང་དར་ཁ་གྲུ། གསེར་ཞོ་གང༌། གོན་མ་སོགས་གནང་ནས་དཔལ་གྱི་འཁྲི་ཤིང་གི་ཡལ་འདབ་ཕྱི་མ་གཉིས་དང༌། རྒྱུ་ཕྲ་ཆ་གསུམ་སྙན་ངག་གི་དཔེར་བརྗོད་འདྲ་རྩོམ་དགོས་གསུང་བསྐུལ་ལྕག་གནང་གིན་འདུག །ས་མོ་གླང་དེའི་ལོ་ཤིང་མང་སྒྲུབ་སྡེར་ཤོག་ཟེར་ཕྱིན། ཁོང་རྣམས་ལ་མ་གཅིག་ཁྲིད་དང༌། ཞེན་པ་བཞི་བྲལ་གྱི་འཁྲིད་དགོས་ཟེར། མཁའ་འགྲོ་སྡེ་ལྔའི་དབང༌། ནམ་མཁའ་སྒོ་འབྱེད་ཀྱི་དབང༌། མ་གཅིག་ཟབ་དོན་ལུགས་ཀྱི་འཁྲིད་སོགས་བྱས། གསོལ་འདེབས་དང་ཌཱ་མ་རུའི་ཁྲོལ་ཤང་ནི་ཤིན་ཏུ་ཆེ་བ་འདུག །འགའ་ཞིག་གཉན་ཁྲོད་ཀྱང་འགྲིམ་གྱིན་འདུག་