R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༣༡
[A:༣༣༡]འཇའ་འོད་རོལ་མོའི་སྒྲ་དང་བཅས། ཚེས་བཅུ་གཉིས་ཀྱི་ཐོ་རངས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས། དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ་ཨྱོན་མཁའ་འགྲོའི་ཚོགས་ཀྱི་སྡེ་དཔོན་ལ་གཤེགས་པར་གྱུར་ཏོ། །བདག་སོགས་གདུལ་བྱའི་ཞིང་ཁམས་འདི་ཉིད་དུ་རྗེ་བཙུན་ཆོས་ཀྱི་ཉི་མ་ཁྱེད་མ་བཞུགས་པས་མུན་པ་མུན་ནག་གི་ཁྲོད་ན་ཤུལ་དུ་ལུས་པའི་ལས་ངན་ཅན་བདག་ཅག་རྣམས། འགའ་ཞིག་ནི་གསོལ་འདེབས་ཀྱི་སྒྲ་དིར་བ་འདུག །འགའ་ཞིག་ནི་ཅི་བྱ་ལས་འདས་མིག་རྩ་ཧྲིག་ཧྲིག་བྲང་ལག་འཐབ་ཅིང་འདུག །འགའ་ཞིག་ནི་སྨྲེ་སྔགས་ཀྱི་ཆོ་ངེས་གནམ་དུ་འབོད་ཅིང་འདྲེ་ལྡོག་དྲག་པོ་དང་བཅས་གནས་པར་གྱུར་ཏོ། །ཀྱེ་ཧུད། ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་རྣམས། །སྐྱབས་བྲལ་བདག་གི་སྨྲེ་སྔགས་འདི་དགོངས་དང༌། །གཙུག་གི་ནོར་དང་བྲལ་བའི་དབུལ་འཕོངས་བཞིན། །མིག་རྩ་ཧྲིག་ཧྲིག་ད་དུང་ཡིད་མ་ཆེས། །ཁོང་པའི་སྙིང་དང་བྲལ་བའི་སྨྱོན་པ་བཞིན། །ཐོམ་ཐོམ་ལུས་ནི་ཅི་བྱེད་ཐབས་དང་བྲལ། །གནས་སྐབས་ཆུ་དང་བྲལ་བའི་ཉ་མོ་བཞིན། །འདྲེ་ལྡོག་གྲངས་མེད་འཕར་ཀྱང་མགོན་མ་རྙེད། །བསླུ་མེད་མགོན་སྐྱབས་བོར་བའི་ལས་ངན་ཅན། །བདག་ལས་ས་སྟེང་འདི་ན་གཞན་མ་མཆིས། །བདག་གི་སྙིང་འདི་ད་དུང་མི་འགས་ན། །ལྕགས་སམ་ཁྲོ་ཆུའི་རྡོ་ལས་བྱས་པར་ཟད། །ཁྱོད་སྐུ་ཚ་ཟེར་གཟི་འོད་སྟོང་འཕྲོ་དེ། །བློ་བུར་འཆི་བདག་སྤྲིན་གྱི་དེ་རིང་སྒྲིབ། །གསལ་ལ་དངས་པའི་སྐུ་དེ་ད་ག་རེ། །ཁྱོད་གསུང་བདུད་རྩི་འོ་མའི་ཆུ་རྒྱུན་དེ། །མ་རུང་རྐྱེན་ངན་ས་ལ་དེ་རིང་ཐིམ། །སྒྲ་སྙན་ཚངས་པའི་གསུང་དེ་ད་ག་རེ། །ཁྱོད་སྐུ་བསིལ་ཟེར་སྟོན་ཟླ་ཉ་གང་དེ། །ཁྲེལ་