R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༣༢
[A:༣༣༢]མེད་འཆི་བདག་གཟའ་ཡིས་དེ་རིང་ཟིན། །བརྗིད་ཆགས་ལྷུན་གྲུབ་སྐུ་མཆོག་ད་ག་རེ། །ཁྱོད་གསུང་ཆུ་འཛིན་གསར་པའི་ཆོས་ཆར་དེ། །སྐལ་མེད་ལྷོ་ཕྱོགས་རླུང་པོས་ག་གཤེད་བརྡས། །བློ་ཡུལ་འབབ་པའི་གསུང་དེ་ད་ག་རེ། །ཁྱོད་ཐུགས་སྒྲིབ་མེད་ཡེ་ཤེས་རྒྱ་མཚོ་དེ། །མེ་ལོང་ཆུ་ཟླ་འཇའ་ཚོན་ལྟར་གསལ་ཡང༌། །སྐལ་མེད་བདག་གིས་མཐོང་དང་ཐོས་གནས་བྲལ། །ཀྱེ་མ་ཀྱི་ཧུད་རྗེ་བཙུན་ཐུགས་རྗེ་ཆུང༌། །ཞེས་རེ་ཞིག་ཡིད་ཀྱི་དབང་པོ་དྲན་མེད་དུ་སོང་ངོ༌། །དེ་ནས་ཚེས་བཅུ་གསུམ་གྱི་ཉི་མ་དགོང་མྱུར་ལ་ནམ་མཁའ་མཐིང་ཞུན་གྱི་མདོག་ལྟ་བུ་ལ་ནུབ་ཕྱོགས་ནས་འཇའ་དཀར་པོ་བ་ཐག་རྐྱང་བ་ལྟ་བུའི་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་བྱས། དེ་ལ་ཇེ་མང་གྱེས་ནས་ནམ་མཁའ་ཀུན་འཇས་རིས་དེས་ཁྱབ་པའི་ཁྲོད་ནས། མེ་ཏོག་སྣ་ཚོགས་ཀྱི་ཆར་མངོན་སུམ་དུ་ཐུལ་བ་སྐྱེ་བོ་ཀུན་གྱིས་མཐུན་གྲུབ་མཐོང་བ་བྱུང༌། རིན་ཐང་མ་མཆིས་གཞལ་དུ་མེད་པའི་སྐུ་གདུང་རིན་པོ་ཆེ་ཉིད་ཀྱི་ཞབས་ཏོག་ནི། བསླབ་པ་གསུམ་གྱི་རྒྱུད་ཡོངས་སུ་ཕྱུག་ཅིང་དམ་ཚིག་གི་རྒྱན་གྱིས་རྣམ་པར་མཛེས་པ་དཀོན་ཅོག་རྒྱལ་མཚན་པས་མཛད། དེའི་ཕྱག་གཡོག་དགོས་པ་བདག་གིས་བྱས་ནས། སྐུ་གདུང་རིན་པོ་ཆེ་ཉིད་ཡིད་བཞིན་ནོར་བུ་ལྟར་སྣུམ་ལ་བརྗིད་ཆགས་ཤིང་དྲི་བཟང་གིས་ཡིད་ཀྱི་དབང་པོ་ཚིམ་པ་དང་འོད་དང་འོད་ཟེར་གྱི་ཚོགས་འཕྲོ་བཞིན་པ་དང་བཅས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུའི་དབུས་སུ་བཞུགས་སུ་གསོལ། དེ་ནས་གསོལ་འདེབས་ཀྱི་ཞལ་བཀོད་ཞབས་དྲུང་འདུལ་ལགས་ཀྱིས་མཛད་དེ། ཐོག་མར་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གདུང་ཡིད་བཞིན་ནོར་བུའི་དྲུང་དུ་སྙན་དར་དཀར་མེ། འཇིགས་བྱེད་ལྷ་ཁང་དུ་རྗེ་མཁྱེན་བརྩེའི་དབང་ཕྱུག་གི་སྐུ་འདྲ་ལ་སྙན་དར་དང་མར་མེ། མགོན་ཁང་དུ་