[A:༤༢༩]སེར་དམར་ལྗང་གི་བེར་བརྩེགས་མ་དང་རྒྱ་ནག་གི་ཐགས་ཞྭ་ནག་པོ་གྱོན། ལག་ན་མ་ན་ཧོ་དང་གཡང་ཊིའུའི་སྤོས་ཕོར་ཐོགས་པའི་ལག་གཡས་གདན་འདྲེན་པའི་ཚུལ་བྱས་ཏེ་རྟ་པ་མང་པོ་བྱུང་བ་ཅི་ཡིན་ནམ་བསམ་པ་ཁོང་ཚོ་ཡོང་བའི་ལྟས་སུ་འདུག་གསུངས་ལ། དེ་ནི་དབུས་འགྱུར་སྨན་ལྗོངས་ཀྱི་དགའ་ཚལ་ཆེན་པོར་རྗེ་བཙུན་ཁའུ་པའི་ལུགས་འཛིན་གཙང་མ་འདི་ཁོ་ན་ལས་མ་མཆིས་པས་གཉན་མགོན་ཞལ་བཞི་པའི་ལས་མགོན་པུ་ཏྲ་གང་རུང་ཛོ་ཀིའི་གཟུགས་སུ་སྤྲུལ་ནས་བསྟན་པའི་སྲོག་འཐུད་ཅིག་པའི་བརྡ་ཐབས་སུ་གོ །ཚར་ཆེན་གྱི་གསུང་མགུར་ལས། ད་ཚེ་མཇུག་ལ་རེ་སྨོན་འདི་ལྟར་ཡོད། །དོན་ཚེ་འདི་ཡི་རེ་ལྟོས་ལིངས་ཏེ་བསྐྱུར། །ཁོང་མགོ་ནག་མི་ཡི་ཁྱུ་ནས་བུད། །གནས་ངེས་མེད་ཀྱི་རི་ཁྲོད་སྟོང་པ་རུ། །ཟས་ཞེན་མེད་ཀྱི་རྩ་དང་ལྡོམ་བུའི་ཟས། །ལམ་འཁྲུལ་མེད་ཀྱི་རིམ་གཉིས་རྣལ་འབྱོར་ལ། །སེམས་རྩེ་གཅིག་ཏུ་ཡེངས་མེད་ལྷུག་པར་འཇོག །རྐྱེན་གང་ཤར་གྱི་སྣང་བ་ལམ་དུ་འཁྱེར། །དུས་འཆི་བ་ནམ་ཡོང་གི་སྒུགས་སྡོད་བྱེད། །རྗེ་བླ་མའི་དགོངས་རྫོགས་དེ་ལ་བྱེད། །མ་ཁམས་གསུམ་འགྲོ་བའི་དྲིན་ལན་འཇལ། །ཁྱེད་དད་ལྡན་སློབ་མའི་དཀོར་སྦྱོང་ཡིན། །ཞེས་པའི་དོན་ལྟར་སྤྱིར་འཁོར་བ་ལས་ངེས་པར་འབྱུང་བ་དང༌། ཆོས་ཀུན་སྣང་སྟོང་སྒྱུ་མ་ལྟ་བུ་འཁོར་འདས་དབྱེར་མེད་ཀྱི་དོན་ཐུགས་སུ་ཆུད་པས་སྲིད་པའི་འབྱོར་པ་དང་ཟང་ཟིང་གི་འདུ་འགོད་ལ་ཡེ་མི་དགྱེས་ཤིང་དབུས་གཙང་གི་སྡེ་རིགས་རྣམས་ཀྱི་འཕོ་འཕྱུགས་དང་སྒོས་གནས་གསར་པ་རང་གི་དུས་འགྱུར་སོགས་འཕྲལ་རྐྱེན་དེ་དག་གིས་ཀྱང་ཐུགས་སྣ་བསྟུངས་ཏེ་