R182: རྒྱལ་ཀུན་འདུས་པའི་ངོ་བོ་ཁྱབ་བདག་ཧེ་རུ་ཀ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་གདན་གསུམ་ཚང་བའི་སྡེ་དཔོན་རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བདུད་རྩིའི་ཟ་མ་ཏོག

  • Pagination (Witness A): ༤༤༩
[A:༤༤༩]རྟགས་དང་ཐམས་ཅད་མཁྱེན་པ་སྐུ་དངོས་ལྟ་བུས་ཤཱ་ས་ནའི་སྔགས་འུར་འདོན་གྱི་ངང་ནས་རཀྵའི་ཕྱག་འཕྲེང་བཟུང་སྟེ་སྡིགས་མཛུབ་ཀྱི་སྟང་ཀ་མཛད་པ་ནི་ཉིན་ཕྱི་མའི་འཚུབ་དེ་བཟློག་ཐབས་ལ་དགོངས་པར་སྣང༌། ཞག་གཉིས་སོང་བའི་ཚེ་ཕ་རོལ་གྱི་བསམ་སྦྱོར་ངན་པའི་བྱད་རྦོད་ལ་བརྟེན་ཐོག་འཁྱུག་འབྱུང་བར་ཉེ་བའི་གནམ་ངོ་ཤིན་ཏུ་འཇིགས་པ་ལྷ་སྔགས་ཡེ་ཤེས་ཀྱི་ནུས་པས་རིམ་གྱིས་ཇེ་འཇོམ་དུ་སོང༌། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པའི་གཟིགས་སྣང་ཡང་ཤར། གཏེར་ལུང་བཅུ་གསུམ་སོགས་གནས་རྣམས་ཐམས་ཅད་འཇལ་བ་དང་བཅས་བཞུགས་ཞག་བཅོ་ལྔ་སོང་བར་ཆུ་རླུང་གིས་མཚོན་པའི་སྒྲ་མཐའ་དག་བཛྲ་གུ་རུའི་འཛབ་སྒྲར་ལྷང་ལྷང་སྒྲོག་པ་གསན་ཞིང་གཟུགས་སྣང་ཀུན་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་སུ་ཤར་ཅིང་བདེ་བར་གཤེགས་པའི་སྐུ་བརྙན་གྱི་ཞལ་ལ་མེ་ཏོག་མང་པོ་ཤར་བ་སོགས་ལ་སྤྲོ་བ་དང༌། གཟིགས་སྣང་ཁྱད་པར་ཅན་གྱི་བླ་མ་དང་གནས་ལ་དད་གདུང་ཕན་ཚུན་འགྲན་བཞིན་པའི་ངང་ནས་མཁས་གྲུབ་ཆེན་པོ་ཁྱུང་པོ་དུ་གུ་བའི་དབེན་གནས་ཞོང་ཞོང་དུ་ཕེབས་ནས་གནས་རྟེན་རྣམས་ཞིབ་པར་གཟིགས། ཡེ་ཤེས་མགོན་པོའི་ལས་མཁན་གནོད་སྦྱིན་ཀྵ་ཏྲ་པཱ་ལ་སྐུའི་དབྱིགས་དང་ཆ་ལུགས་ཡོངས་གྲགས་ལ་ཕྱག་གཡས་ཀྱིས་ཐོད་པའི་ཅང་ཏེའུ་འཁྲོལ་བའི་སྒྲ་ལྷང་ལྷང་སྒྲོག་པ་གསན་པ་འདི་དཔལ་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་རང་ཚུགས་ཐུབ་པའི་འབུར་དོད་ནི་རིམ་གྱིས་འགྲིབ། ཆོས་རྒྱུན་ཡང་བློས་བྱས་རང་བཟོའི་འཆལ་འཆོལ་དང་བཀླག་ལུང་དམ་དུམ་གྱིས་གཞན་སྣང་འབྲིད་པའི་