རྗེ་མཁྱེན་བརྩེའི་གསུང་མགུར་ལས། སྐལ་ལྡན་རྣམས་ལ་ཁོ་བོ་སྙིང་ནས་མགུ། །དེ་ཕྱིར་དུས་དང་རྣམ་པ་ཐམས་ཅད་དུ། །མ་བརྗེད་སྙིང་གི་དཀྱིལ་ནས་གསོལ་བ་ཐོབ། །ཁོ་བོས་སྙིང་ནས་བརྩེ་བའི་བསམ་སྦྱོར་གྱིས། །དུས་ཀུན་རྗེས་སུ་འཛིན་ནོ་སྐལ་ལྡན་ཚོ། །བརྒྱུད་པ་བཟང་པོ་ས་སྐྱ་པ་ཡིས་ཟིན། །མེས་པོ་མཚན་ལྡན་ཚར་པ་ཆོས་རྗེས་བསྐྱངས། །བན་རྒན་ང་རང་བསླུ་མེད་ཡིན་ནམ་སྙམ། །བུ་ཀུན་ཙབ་ཙོབ་མ་མང་གསོལ་བ་ཐོབ། །འདི་ཕྱི་བར་དོར་བསླུས་ན་ཁོ་བོ་ཞན། །བྱིན་རླབས་ཆེ་ཆུང་ཚར་པ་ཆོས་རྗེས་ཤེས། །འདི་སྐྱིད་ཕྱི་མར་ཨི་སྐྱིད་ང་རང་ཤེས། །ང་རང་གང་འགྲོ་ཨྱོན་པདྨས་ཤེས། །ཆུ་འགོ་གངས་ལ་ཐུག་པའི་ཚུལ་ཡིན་པས། །ཇི་སྐད་སྨྲས་པའི་དགེ་སྦྱོར་ཉམས་ལེན་མཛོད། །ཅེས་པའི་དོན་བཞིན་དེ་ནུབ་དྲུང་དུ་འཁོད་པ་རྣམས་ལ་སྔར་དང་མི་འདྲ་བའི་དགྱེས་པ་ཆེན་པོའི་སྒོ་ནས་བླ་མ་རྣམས་ཀྱི་རྣམ་ཐར་ཐོར་བུ་གསུངས། ཆོས་དང་འབྲེལ་བའི་བསླབ་སྟོན་ཤུགས་འབྱུང་དང་ངེད་རང་ལ་ཐུགས་མཉེས་པའི་བཀའ་འཕྲོས་ཀྱང་ཁ་ཡར་གནང་ཞིང་སོ་སོའི་མགོ་ལ་ཕྱག་གིས་བྱིལ་བྱིལ་དང་དབུ་ཐུག་གིས་བྱིན་གྱིས་བརླབས་ཏེ་གནས་སོ་སོར་བཏང༌། གཏོར་གཞིས་རྣམས་ཡུན་རིངས་པས་གསར་དུ་སྤོ་དགོས་འདུག་ཅེས་བསྟབ་པ་དང་ཚང་མ་ཆབ་གཅིག་པར་སྦལ་གྱི་ཡང་ཐོག་ཏུ་རྒྱས་པར་འབུལ་བ་མཛད་ནས་བྱམས་པར་སང་ཞོགས་ཐོར་ཇ་མི་དགོས་ད་དུང་ཇ་ཞིམ་པོ་སྐོལ་གསུངས་བྱམས་པས་སྙུང་བ་བཞིན་མེད་དམ་ཆབ་སྐོལ་ཨེ་བཞེས་ཞུས་པར་ན་ཚ་མེད་པར་ཆུ་སྐོལ་ག་ལ་དགོས་ཞེས་བཞད། དེ་ནས་སྲོད་ཐུན་ལ་ཚུགས་པའི་སྒང་མཇུག་ཙམ་ལ་འདའ་ཁ་མའི་རྣལ་འབྱོར་གྱིས་མཚམས་སྦྱར་ཏེ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་མེ་ཏོག་གི་ཆར་གདུགས་དང་བ་དན་རོལ་མོ་སོགས་མཆོད་སྤྲིན་དཔག་ཏུ་མེད་པས་སྣ་དྲངས་ནས་བདེ་ཆེན་དག་པའི་ཞིང་ཁམས་གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོའི་རིགས་ཀྱི་བདག་པོར་གདན་དྲངས། དེའི་དུས་བྱམས་པ་གཟིམས་ཆུང་དུ་ཉེར་ལེན་ལ་བསྡད་པའི་གཉིད་ཐུམ་པ་ཞིག་གི་གསེང་ལ་ཧིག་གི་སྒྲ་བྱུང་ནས་བལྟས་ཙ་ན་སྐུ་གཤེགས་ཟིན་འདུག་ཟེར། དེ་སྐབས་སྡེ་པ་བརྒྱ་ཚོ་བའི་ཆོས་རྗེ་བཀྲ་ཤིས་ལྷུན་པོའི་སྔགས་གྲ་བའི་སྒྲིགས་འགྲིམ་པ་དེ་གསུང་ཆོས་ཞུ་བར་འོངས་པ་དེ་ནུབ་ཀྱི་རྨི་ལམ་ལ་སྟན་དཀར་སྟེང་དུ་རྗེ་ཉིད་བཞུགས་པའི་ཟུར་བཞི་ནས་བུད་མེད་བརྒྱད་ཀྱིས་བཟུང་སྟེ་ནམ་མཁར་ཡེར་རེར་བཏེག་པ་ཐོར་ཇ་འདྲེན་མི་ལ་མདང་ང་ལ་རྨི་ལམ་འདི་འདྲ་བྱུང་བ་ཅི་ཡིན་ཞེས་བློ་མ་བདེ་བའི་རྣམ་པར་བྱེད་ཅིང༌། དུས་མཚུངས་སུ་ཞ་ལུར་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱི་འོད་གསལ་དུ་རྗེ་འདི་ཉིད་དགྱེས་པའི་ཚུལ་དུ་ཕེབས་རཀྴའི་ཕྲེང་བ་འདི་ཐུགས་ཚགས་གནང་བ་ཞུ་ད་ངེད་ལ་མི་དགོས་པ་འདུག་གསུང་བར་བྱུང་གནང༌། ཞག་ཁ་ཡར་གྱི་སྔོན་ཙམ་ལ་སྟོང་ར་བའི་མནའ་མ་སྡེ་པ་འཕྲང་འགོ་བའི་ཚ་མོར་གཏོགས་པ་རྩ་སྒོ་ཡངས་པ་དེའི་རྨི་ལམ་དཀྱུས་མ་དང་མི་འདྲ་བའི་གསལ་པོར་བྱེད་པ་ཞིག་ལ་རྨི་ལམ་དུ་ཉི་མ་བཞུད་ལ་ཁད་ལྷོ་ནུབ་ཀྱི་ནམ་མཁར་བླ་མ་རྡོ་རྗེ་གདན་པ་ཡིན་ཟེར་བ་ལེགས་པར་བཏགས་ཚེ་རྡོ་རྗེ་འཆང་གི་སྐུའི་དབྱིབས་ལ་ས་ཞུ་བཞེས་ནས་བདེན་བྲལ་གྱི་མཚམས་སུ་འཇའ་འོད་དང་བཅས་ཡེར་གྱིས་ཕེབས་སོང་རྗེས་ཉི་མའང་བཞུད་དེ་ནག་ཐུམ་བྱེད་པ་རྨིས་ཚུལ་དེ་གའི་མ་རྒན་མོ་འཕྲང་འགོ་བའི་སྤྱིལ་པོར་སྡོད་མིར་བཤད་པ་ཞིང་བརྗེས་པའི་སྐད་ཆ་ཚོར་བས་ངའི་བུ་མོའི་རྨི་ལམ་དེ་ལ་ལྟ་བ་འདྲ་ཟེར་སྐད། སྐུ་མཚམས་དང་འགྲིག་པའི་ཕྱག་གཡོག་ཉུང་གཤིས་ཉི་མ་གཉིས་གསུམ་གསངས་པའི་བཀྲ་ཤིས་ཆོས་སྡེ་ནས་མཆོད་དཔོན་འཇམ་དབྱངས་རྒྱལ་མཚན་དང་ཤེར་རིན་པ་སོགས་འབོད་མི་བཏང༌། ཚེས་བཅོ་ལྔ་ནས་ནམ་མཁའ་གཡའ་དག་པར་འཇའ་སྤྲིན་རི་མོར་བྲིས་པ་ལྟ་བུ་ལྷ་ས་ནས་གོང་དཀར་ཕྱོགས་སུ་ཞག་ཤས་ཀྱི་བར་རྒྱུགས་པ་ཀུན་གྱིས་མཐོང་ཞིང་གཞིས་ཀ་རྩེར་གད་སྒོ་ཞང་ཚན་གྱི་ཟི་བུན་དང་ཐུག་པའི་ཟླ་མཇུག་ངེད་དུས་རིམ་གྱི་འཁོར་ལོ་འདྲི་བར་དགའ་ལྡན་ཡང་རྩེའི་སྒོ་མངས་ཕྱེ་སྟེ་ཡོད་དུས་ཀྱང་གོང་དཀར་ཕྱོགས་ནས་འཇའ་སྤྲིན་པིར་གྱིས་བྲིས་པ་འདྲ་བ་མང་དུ་མཐོང་བས་དེ་མཚུངས་ཟླ་ཕྱེད་ཙམ་གྱི་བར་དུ་བྱུང་བར་མངོན།