[A:༥༣༥]ཡོད་ཙ་ན་རྨི་ལམ་དུ། ང་སྦྱིན་སྲེག་ཅིག་བྱེད་ཀྱི་འདུག་པ་ལ། དེའི་ཕ་ཚད་ན་རྡོ་རྗེ་འཆང་ཆེན་པོ་དང་དྲུང་ལགས་གཉིས་བཞུགས་ནས་འཁོར་ཆེན་ལ་སྦྱིན་སྲེག་གི་ཡི་གེ་མང་པོ་ཡོད་དེ། གཉགས་སྙིང་པོ་རྒྱལ་མཚན་གྱིས་འདི་ལ་ཐུགས་གཙིགས་ཆེ། འདིའི་སྐབས་སུ་ཕྱག་ལེན་འདི་བཞིན་མཛད་གསུངས་ནས། འགྲིག་ཤིན་ཏུ་ཞིབ་པར་གསུངས། དཔེ་ཆ་དེའང་གདའ་བ་འདི་ཁྲོད་ན་གདའ་གསུངས་ནས་བསྟན། དེ་ནས་དྲུང་ལགས་ཀྱིས་ཞུ་མཁན་མཛད་ནས་འཁོར་ཆེན་གྱི་སྐོར་ལ་དཀའ་གནད་མང་པོ་ལ་བཤད་པ་མཛད་པའི་སྒང་ལ་གཉིད་སད་པ། བླ་མ་ཡབ་སྲས་གཉིས་ཀྱི་ཞལ་མིག་སྔར་ལམ་མེ་བའི་ངང་ནས་ཚིག་དེ་དག་ཀྱང་བློ་ལ་གསལ་པོར་འདུག །སང་ཉིན་མདང་ཕྱག་མཛུབ་བཙུགས་པའི་དཔེ་ཧྲུལ་བྲལ་བྲུལ་བསྡུས་པའི་པོ་ཏི་དེ་བལྟས་པས་སྦྱིན་སྲེག་གི་དཔེ་ཆ་ཡང་འདུག་ཅིང༌། ཇི་སྐད་གསུངས་པ་བཞིན་འདུག་གོ །བྱི་ལོ་ཟླ་བ་དང་པོའི་ཉེར་ལྔ་ལ་སྡིང་མ་ནས་འཁོར་གདོང་དུ་གཏོར་མའི་རྒྱབ་ན་བཀྲམ་པའི་གུར་མེ་ཏོག་མའི་ཞལ་ཁེབས་འོད་འབར་བ་དང་བཅས་པ་ཇ་སྦྱོར་གཅིག་གི་བར་ལམ་མེ་འདུག་གྲལ་གྲོལ་རྗེས་ན་ཞལ་ཁེབས་སང་རྩས་ཁང་དེ་བཀབ་འདུག་པས་མིག་འཁྲུལ་པའམ་ཡ་མཚན་ཅན་ཞིག་གདའའོ། །ལྕགས་ཕག་ཟླ་བ་ལྔ་པའི་ནང་དུ་རྨི་ལམ་དུ། མངའ་རིས་སྤྲུལ་སྐུ་དང་མཇལ་དཔེ་ཆ་གནང་བདོག་གམ་ཞུས་པས། ན་ནིང་ཁྱེད་རང་གིས་བལྟས་པ་དེ་ནས་ཤོག་ལྡེབས་གཉིས་ལས་ནི་མ་བྲིས། དཔེ་ཆུང་དེ་གཉིས་བསྐུར་ཡོད་གསུངས། སྤ་སྒམ་ཞིག་ནས་ཞི་ཁྲོའི་དཔེ་ཆ་ཡིན་སྙམ་པའི་དཔེ་ཆུང་ཞིག་ང་ལ་གནང་བྱུང་བས། འདི་ཐམས་ཅད་ལ་ངོམ་དགོས་སྙམ་དགའ་ཚོར་ཚད་མེད་པའི་ངང་ནས་