R184: དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་ཕྲེང་།

  • Pagination (Witness A): ༥༣༩
[A:༥༣༩]ཅན་བཟུང་སྤྱན་ལྟ་སྟངས་མཛད་ཧ་རེ་བཞུགས་པ་གསལ་པོ་ཞིག་རྨིས། ཡང་ནུབ་ཅིག་བོ་དོང་རྫོང་དུ་བདེ་བ་ཅན་ཡིན་སྙམ་པ་ཞིག་ན་བཞུགས་གདན་མཐོན་པོ་ཞིག་ལ་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་བཞུགས། དེའི་སྐུ་གཞོགས་གཡོན་ན་བདག །བདག་གི་གཡོན་ན་རྗེ་བཙུན་དབོན་བཞུགས་པ་ལ་རིན་པོ་ཆེས་གཞྀ་ལེན་ཅིག་མཛད་རྒྱུ་བའི་སྟོན་ཤོམ་བཟང་པོ་བྱས་པ་ཞིག་རྨིས། ནུབ་ཅིག་དཔལ་སྦུག་བཞུགས་ཁྲིའི་སྟེང་ན་ཕ་བླ་མ་བཞུགས་གསུང་ངག་རིན་པོ་ཆེ་བསྐྱར་ནས་གནང་རྒྱུ་ཡིན་ཟེར་ཞུ་མཁན་མང་པོ་འཚོགས་འདུག་པ་ལ་བསླབ་གསུམ་པ་གསལ་པོ་འདུག་གཞན་ངོ་ཤེས་རང་ནི་མི་འདུག །ཁོག་ཕུབ་ཡིན་སྙམ་པའི་དཔེ་ཆ་ཤིག་གི་ལུང་མཛད་བྱུང་བ་ན། ཐོད་ཕུའི་བློ་གསལ་རྒྱ་མཚོ་དེ། བིརྺ་པ་ལགས་སམ་ཟེར་བ་ཞིག་འདུག་པ་ལ། དོན་འདི་ག་ཡིན་ཏེ་ཚིག་འདི་ཅུང་སྡེབ་མ་ཤེས་འདུག་གསུང༌། བདག་གིས་ཐོད་ཕུའི་རྣལ་འབྱོར་དབང་ཕྱུག་དེ། ད་ལྟའི་བློ་གསལ་རྒྱ་མཚོ་ཡིན་བྱས་ན་བདེ་བ་འདྲ་ཞུས་པས་དེ་ག་བྲིས་པས་ཡོང་གསུངས། དེ་ནས་གཞུང་བཤད་ཅིག་ཀྱང་འགོ་བཙུགས། སྣང་གསུམ་ཀྱང་བཙུགས་བྱུང་ནས་ན་ནིང་གི་ཟིན་བྲིས་དེ་ལ་ཞུ་དག་བྱེད་དགོས་སྙམ་པ་དང་གཉིད་སད། བསམས་པས་ཐོད་ཕུར་བྱོན་པའི་རྗེ་གྷ་ཡ་དྷ་ར་རྣལ་འབྱོར་དབང་ཕྱུག་གི་ཐུགས་ཀྱི་སྤྲུལ་པར་མནལ་ལམ་བཀའ་རྒྱ་མ་ནས་བཤད། དེ་དང་ཕ་བླ་མ་ཐུགས་རྒྱུད་གཅིག་པའི་བརྡའ་རུ་འདུག་སྙམ་པ་བྱུང་ངོ༌། །ཨཥྟ་འབུམ་ཕྲག་གསུམ་སོང་བའི་ཉི་མ་ཤར་ལྷོད་བཟླས་པའི་སྒང་ལ། གཉིད་དུ་ཅུང་ཟད་སོང་བ་ན་མདུན་གྱི་ནམ་མཁའ་ལ་དཔལ་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡབ་ཡུམ་གཉིས་ཀ་སྐུ་མདོག་གཡུ་དྲུག་དཀར་གྱི་མདོག་