[A:༥༩༥]བའི་བཀའ་བཞེས་ཡོད། །ཅེས་གསུངས་པའི་དོན་དང་མཐུན་པར་སྣང༌། གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་སྐབས་བྱམས་པའང་གླིང་གསེབ་ཏུ་སོང་བ་དང་འགྲིག་པའི་རྗེ་ཉིད་ལས་ཕྱག་གཡོག་གཞན་སུའང་མེད་པས་མདོར་ཕེབས་ཏེ་སྒྲུབ་རྙིང་སློབ་དཔོན་འཇམ་དབྱངས་རྒྱལ་མཚན་རྡོ་རྗེ་འཆང་གི་སྐུ་བེར་གྱི་གོང་བ་ལ་འདྲ་སྐུ་འདྲི་ཡིན་ཡོད་སྣང་བར་སྐོར་ཅིག་ལས་མཚམས་ཞོག་ལ་བྱམས་པ་བོས་ཤོག་གསུངས། དེའང་དམ་པ་གང་དེ། མ་ཕམ་པས། །དེ་བཞིན་འཁོར་བ་ཇི་སྲིད་བར། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་གསུངས་པ་དང་མཐུན་པར་དམ་པའི་ཆོས་ཀྱི་འཕྲིན་ལས་ནམ་མཁའི་མཐའ་ལྟར་མཉམ་མོད། མཆོད་སྦྱིན་བརྒྱ་ཕྲག་གཅིག་གིས་ལྷའི་བདག་པོར་འགྱུར་བ་བཞིན་ཚེ་རབས་གཞན་དུ་སྦྱིན་ཤུགས་ཀྱི་འབྲས་བུ་ཚེ་འདིར་སྨིན་པར་བླུན་པོ་རྣམས་ཀྱི་ངོར་འཕྲིན་ལས་འཕྲིན་ལས་ཞེས་འབོད་པའི་ཆེན་པོར་གྲགས་པ་རྣམས་དང་མཚུངས་པའི་འབྱོར་པ་མི་མངའ་ནའང་བླ་ཆུང་འགམ་ཁུམས་འཇུངས་པའི་ངང་ཚུལ་ཅན་ཅི་རིགས་ལྟར་བྲེ་གསོག་ཕུལ་གསོག་མཛད་ན་དེ་འདྲར་མ་ལྟོས་པའི་དད་འབུལ་ལ་བརྟེན་ཕྱག་རྫས་འཁྱིལ་ཡོང་ཚོད་དུ་སྣང་ཡང༌། ཐམས་ཅད་མཁྱེན་པའི་གསུང་མགུར་དུ། ནོར་ལོངས་སྤྱོད་འབད་པས་བསགས་ན་ཡང༌། །ཚེ་ཕྱི་མར་མི་ཕན་ལུས་སེམས་སྡུག །དེ་བསགས་པ་སྙིང་པོ་མ་མཆིས་ཀྱི། །ད་ཟས་ནོར་ཅི་ཡོད་གང་དགར་ཞོག །ཅེས་སྙིང་པོ་མེད་པ་དང༌། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་པས་འདོད་སྲེད་ཀྱི་འཆིང་བ་དང་བྲལ་ཏེ་དཀོན་མཆོག་གི་མཆོད་པ་དང་དབུལ་ཕོངས་ལ་གཏོང་བ་སོགས་འཕྲལ་དག་མཛད་པའི་གཤིས། ཡབ་སྲས་གཉིས་ཀར་གནང་བདེའི་བདོག་