R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༣༡
[A:༣༡]བརྟན་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གདན་སར་ཕེབས་པའི་ལེགས་འབུལ་ལ་བྱོན། རྗེ་བླ་མའི་སྐུ་རིམ་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྦྱིན་སྲེག་གང་མང་དང༌། གཙུག་ཏོར་འབར་མའི་ཆུ་བཟློག་མཛད། དགེ་སློང་ཆེན་པོ་མཁས་གྲུབ་པར་ཐམས་ཅད་མཁྱེན་པས་མཛད་པའི་འོད་ཟེར་དྲི་མེད་ཀྱི་སྲོག་ཤིང་འཛུགས་པའི་ཆོ་གའི་ལུང་གསན། ཕྱིར་ཕེབས་ནས་རྡོ་རྗེ་འཆང་ལ་ལོ་འདི་ཙམ་བཞུགས་ཀྱི་ཞལ་བཞེས་དགོས་པའི་ཞུ་ཡིག་འབུལ་བ་གནང་བའི་ལན་དུ་ཁྱེད་ཀྱི་ངོར་ལོ་ལྔ་སྡོད་པའི་མཉམ་གཞག་བརྟན་པོ་བྱེད་གསུང་བའི་ཞལ་ལན་འབྱོར། རིན་ལྡིང་གི་སློབ་དཔོན་སྡེ་སྲིད་དུ་ནན་བསྐྱེད་ཀྱིས་ཁྲོལ་ཆ་ཞུས་ནས་རྩིས་སྤྲོད་སོགས་ཀྱི་ཐུགས་བྲེལ་དང་འགྲིག་པའི་འདར་དུ་གསུང་ངག་རིན་པོ་ཆེ་གསན་པར་འཕྲོས་བྱུང་ཡང་ཕེབས་མ་ཐུབ། དེ་ནས་ལོ་ལྔ་ཙམ་གྱི་བར་རི་ཕུག་ཏུ་བཅར་བཞུགས་ངོས་ཆོས་བརྒྱད་ཀྱི་བུན་ལོང་མཐའ་དག་རྒྱབ་ཏུ་བསྐྱུར་ནས་ཉིན་མཚན་ངོ་མི་མཁྱེན་པ་ལྟ་བུའི་བརྩོན་པས་བགྲང་ཡས་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ཐུགས་གཉེར་སྨར་བར་མཛད། སྐབས་ཤིག་འདར་དུ་རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་ཚུགས་པར་བརྡ་བྱུང་རུང་ཞ་ལུའི་གྲ་རྒན་འདྲེས་བསླབ་གཉེར་ལ་གནོད་ཅེས་ཕེབས་མ་བཅུག་པས་ཐུགས་འཕྲེང་ཡང་གནང་ཐེབས་དང་བྲལ། ནུབ་ཅིག་མནལ་ལམ་དུ་སྔར་བྲག་རྫོང་མའི་ལྗགས་བསྙེན་དུས་བྱུང་བའི་ཧྭ་ཤང་དེ་ཡིན་རྒྱུའི་ཁུལ་ཞིག་གིས་གཟིམས་ཁང་སྟེང་གི་རྒྱལ་མཚན་དར་ལྕོག་སོགས་རྒྱན་དུ་མ་འདུག་པ་རྣམས་བཅག་སོང་བ་ཞིག་བྱུང་བ་སང་ནང་པར་ལྡུམ་རར་བྱོན་པས་བྱང་ཆུབ་ཤིང་གི་སྡོང་པོ་དེ་ཡང་དངོས་