R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༤༦
[A:༤༦]བཅུ་བཞི་པོ་དབང་ཆ་ཉེར་ལྔར་བཅད་པ་ཚར་བཞི། གཏུམ་པོ་སྤྱི་གཟུགས་ཀྱི་དབང་སོགས་དབང་རྗེས་གནང་ལུང་རྒྱ་ཆེར་གནང༌། མར་ཕེབས་ནས་རི་ཕུག་ཏུ་རི་ཁྲོད་དགའ་ལྡན་སློབ་དཔོན་ལ་བུ་སྟོན་བཀའ་འབུམ་གྱི་ལུང་སྩལ། ས་སྟག་རིན་ལྡིང་གྲྭ་ཚང་གིས་ཆོས་ལུང་འདུ་ཁང་ཞིག་གསོས་གྲུབ་པར་བཀྲ་ཤིས་རྒྱས་བྱེད་ཀྱི་ཡི་གེ་དང་བརྒྱུད་པའི་ཕྱག་ལེན་ནས་རབ་ཏུ་གནས་པའི་བཀྲ་ཤིས་ཀྱི་དགའ་སྟོན་ཉིན་གཉིས་མ་རྒྱས་པར་གནང༌། པན་ཉ་རིར་རྩ་ཁུ་ནས་ཀྱིས་འབུམ་བཞེངས་པའི་རབ་གནས་ཀྱང་གོང་བཞིན་སྦྱིན་བདག་གི་རེ་བ་ཡོངས་སུ་འགེང་བར་མཛད། རི་ཕུག་ཏུ་ཕེབས་བསྟུན་ཁང་རྙིང་གྲ་ཚང་པ་རྣམས་ཀྱིས་རྩོལ་བ་ལ་བརྟེན་ཚོགས་ཆེན་དུ་རྡོར་དབྱིངས་ཀྱི་དབང་ཆ་ཉི་ཤུ་རྩ་ལྔའི་སྒོ་ནས་ཕྱོགས་དེའི་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད། འཇམ་དཔལ་དྲག་པོར་ཁྲོས་པ་འཇིགས་མཛད་རྡོ་རྗེར་རྭ་ཀྱོ་ཞང་མལ་གཉོས་ཏེ་ལོ་ཙྭ་བ་ལྔ་དང༌། རྒྭ་ལོ་ཡབ་སྲས། ཀུན་མཁྱེན་བུ། རྒྱལ་བ་ཙོང་ཁ་པ། ངོར་རྫོང་སོགས་མཁས་པ་མང་པོའི་བཞེད་སྲོལ་ཁུངས་བཙུན་མཐའ་ཡས་པའི་ནང་ནས་རྭ་ཆེན་ལོ་ཙྭ་བ་རྡོ་རྗེ་གྲགས་ཀྱི་ཕྱག་ལེན་བསྲེ་བསླད་དང་བྲལ་བ་རྡོརྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་སྒྲུབ་ཐབས་བདུད་ལས་རྣམ་པར་རྒྱལ་བ་དང༌། རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད་གཉིས་སྦྱར་ཏེ་མ་ཧེ་མཆོད་པར་དམིགས་པའི་ལྗགས་བསྙེན་སྔོན་འགྲོ་རྒྱས་པ་དང་བཅས་གྲུབ་མཚམས་བྱ་ཡུལ་ནས་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་དཔག་བསམ་དབང་པོ་འབྲོང་རྩེ་རྒྱལ་བྱེད་ཚལ་དུ་ཕེབས་པར་ཆེད་བསྟད་ཞབས་འགྲུལ་གྱིས་བྱོན། ཕྱག་ཆེན་གྱི་སྔོན་འགྲོར་ཚོགས་གསོག་ཏུ་ཕྱག་མང་པོ་དགོས་ཀྱི་ཡོད་འདུག་པ་རྗེ་ཉིད་ཀྱི་སྐུ་གཟུགས་