R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༥༣
[A:༥༣]སྟེང་ཞིབ་ཏུ་གདན་དྲངས་པ་དེ་ན་མི་དཀར་པོ་བལ་གྱི་ཐོད་གྱོན་ཅིང་རྔ་བརྡུང་གིན་ཀྵིཾ་ཀ་ར་ལ། མིང་པོ་ཀླུ་ཆེན་ཐོད་དཀར་ཀྵིཾ་ཀ་ར་ལ། ཀྵིཾ་ཀྵིཾ་ཀྵིཾ་ཟེར། དེ་ནས་དགོན་ཆུང་ཞིག་ཏུ་བྱོན་ཟེར་ནས་དེའི་འདུ་ཁང་གི་ཕྱི་ཟུར་ན་རྫའི་ཆོས་འབྱུང་འདྲ་མང་པོ་འདུག །རྗེས་སོར་མངའ་བདག་པའི་ཤུལ་གྱི་དགོན་པ་བྱམས་པ་གླིང་དཔོན་སློབ་ཞབས་དྲུང་གིས་རྗེ་ཉིད་ལ་གནང་བ་རྫ་གྲུ་གསུམ་སོགས་མནལ་ལམ་ཇི་ལྟ་བར་བྱུང་སྣང༌། བུ་སྟོན་ཐམས་ཅད་མཁྱེན་པའི་ཡུམ་གྱི་དགོངས་རྫོགས་ལ་དམིགས་པའི་དྲི་མེད་མཆོད་རྟེན་རྡོའི་གདུགས་ལྷུང་བར་ཉེ་བ་བཀྲ་ཤིས་ལྷུན་པོ་ནས་ཐུགས་ཁུར་བཞེས་པའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་སྐོར་ལ་ཞིག་གསོས་ཀྱི་འགོ་ཚུགས། དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོའི་མཆོད་རྟེན་ལ་བྱ་བ་བྱས་ན་མ་འོངས་བྱམས་པའི་བསྟན་པ་ལ་འབྲས་བུ་འབྱུང་བ་སོགས་མདོ་རྒྱུད་དུ་མ་ནས་རྒྱ་ཆེར་བསྔགས་པ་ལྟར་གདུགས་གསེར་ཟངས་ཀྱིས་གཏུམ་པའི་ཡ་ཐོག་གི་ཟངས་རྣམས་རྗེ་བླ་མ་འདི་ཉིད་ཀྱིས་འབུལ་བ་མཛད་དྲིལ་བུ་མེ་ལོང་སོགས་རྒྱན་ཆ་དུ་མས་མཛེས་ཤིང་གདུགས་ཟ་ར་ཚགས་བཀོད་པས་ཁྱད་དུ་འཕགས་པའི་ཡིད་འཕྲོག་པ་གྲུབ་ཏུ་ཉེ་བ་ན་སིལ་སྙན་ལྟ་བུའི་སྒྲ་དང་མེ་ཏོག་གི་ཆར་འཇའ་འོད་ཀྱི་གུར་སོགས་ལྟས་ཡ་མཚན་པར་བྱུང༌། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ལ་དཔོན་སློབ་ཞབས་དྲུངརིན་པོ་ཆེ་ཚོགས་ཀྱི་མགོན་པོར་ཕེབས། རྡོ་རྗེའི་སློབ་དཔོན་གྱི་ཕྱག་ལེན་རྣམས་ཐུགས་རྒྱུས་ཁོག་ནས་རྗེ་འདི་ཉིད་ཀྱིས་མཛད་དེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་རབ་གནས་བཀྲ་ཤིས་རྒྱས་བྱེད་ཀྱི་ཕྱག་ལེན་བཞིན་ཞ་ལུའི་དགེ་འདུན་རགས་རིམ་གྱིས་གསུང་རམ་བཏེག་ནས་