R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༦༠
[A:༦༠]གསན་ལེན་མཛད། ཆོས་སྡེ་ནས་ཆིབས་ཁལ་གཡར་པོ་དང་བཅས་གོང་དཀར་རྡོ་རྗེ་གདན་དུ་ཕེབས། རྗེ་ཉི་མ་གླིང་པ་དང་མཇལ་འཛོམ་མཛད་པ་སྔར་ནས་དཔོན་སློབ་ཐུགས་འདྲིས་པ་ལྟ་བུའི་ཐུགས་ནང་གཙང་བ་བྱུང༌། ཚུར་སྒྲོལ་དཀར་གྱི་རྗེས་གནང་དང་ཕར་བུ་སྟོན་རིན་པོ་ཆེའི་གསོལ་འདེབས་ཚོགས་གཉིས་མ་དང་རྣམ་རྒྱལ་གྱི་གཟུངས་ཀྱི་ལུང་འབུལ་བ་མཛད། རབ་འབྱམས་ཆོས་རྗེ་རིན་ཅེན་རྒྱ་མཚོས་སྣེ་ཤན་དང་རྩེའི་མི་སྣ་བཅས་ཕྱི་ནང་གི་རྟེན་ཚང་མ་ཞིབ་གཟིགས་ངོས་གསུང་ངག་ལམ་འབྲས་གསན་པའི་སྙན་གསན་ཕུལ་ནས་རི་ཕུག་ཏུ་ཕེབས། དབུས་ཕྱོགས་ནས་ཕྱག་ཏུ་འབྱོར་པའི་རྙེད་པ་དང་རིན་ལྡིང་སྤྱི་སོའི་འབུལ་བ་ཁང་དྲག་ནས་ཀྱི་མའི་གོས་སྣ་ཐིག་སོགས་ཕྱག་རྫས་གསར་འབྱོར་གྱི་སྟེང་སྔར་གྱི་གསེར་སྤྱི་དང་བཅས་བྱམས་པ་གླིང་གི་དགོན་པར་ཡུམ་གྱི་དགོངས་རྫོགས་སུ་བཟོ་གྲ་བཙུགས་ཏེ། སྐུའི་རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོའི་གསེར་སྐུ། ཐམས་ཅད་མཁྱེན་པ་བུ་སྟོན་ཡབ་སྲས་ཀྱི་སྨན་སྐུ། གསུང་གི་རྟེན་དུ་མཁས་པ་ཙནྡ་ཤྲཱི་དང་ཤར་ཆེན་ཡེ་ཤེས་རྒྱ་མཚོའི་གསུང་འབུམ་པོ་ཏི་གསུམ། ཐུགས་ཀྱི་རྟེན་དུ་དངུལ་དཀར་གྱི་མཆོད་རྟེན་མདའ་གང་བ་དྲི་མེད་ཀྱི་སྲོག་ཤིང་འཛུགས་པའི་ཆོ་ག་སོགས་རྟེན་རྣམས་ལ་གཟུངས་འབུལ་དང་རབ་ཏུ་གནས་པའི་རིམ་པ་ཤིན་ཏུ་དངོས་གཙང་བ་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་གནང༌། སྐུ་གཟུགས་མཆོད་རྟེན་གཉིས་རི་ཕུག་གི་གཟིམས་མལ་སྐུ་འདྲ་རིན་པོ་ཆེའི་སྐུ་མདུན་དུ་བསྒྲིགས། ཡུམ་གྱི་གདུང་རུས་རྣམས་རུས་ཆོག་མཛད་པར་བུ་སྟོན་རིན་པོ་ཆེའི་ཕྱག་པར་གྱིས་སཱཙྪ་བཏབ་སྟེ་རི་རྩེ་དང་ཆུ་བོ་ཆེན་པོར་གདན་དྲངས་