R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༩༩
[A:༢༩༩] སྤང་བླང་གི་ལུང་བསྟན་ཞུས་པར་དགྱེས་ཚོར་དང༌། འཕྲལ་ཡུན་གྱི་བསླབ་སྟོན་ཞིབ་པར་གནང༌། ཆོས་སྐྱོང་གི་ལྕོག་ཏུ་ཐུགས་བཞེད་ལྟར་མེ་ཏོག་གཏོར། འོང་ཁར་གོས་ཆེན་གྱི་རྒྱལ་མཚན། སྟག་སྟན། དར་ཚོན་སྣ་ལྔ་སོགས་སྩལ་ཏེ། རྒྱལ་མཚན་གྱི་ཤམ་བུ་རླུང་གིས་མ་བསྐྱོད་པར་བྱས་པས་ས་གཞི་ཐམས་ཅད་ཁེངས་པར་བྱེད་དོ་ཨང་ཞེས་སོགས་ལུང་བསྟན་ཀྱང་ཤིན་ཏུ་ལེགས་པར་མཛད། འོང་དུས་རྡོ་སྐས་མགོར་སྐྱེལ་མར་ཕེབ་ཅིང་འཕྲེང་བའི་ཚུལ་གྱིས་ཁང་པས་མ་བསྒྲིབས་པར་གཟིགས་ཤིང་དགྱེས་པའི་འཛུམ་ཞལ་ལྷུག་པར་བསྟན་ཏོ། །ཤཱཀྱའི་མཚན་ཅན་མཁས་གྲུབ་དམ་པ་ཡིས། །དམ་བཏགས་མ་གཡེལ་དམ་ཚིག་དང་ལྡན་པའི། །སེམས་བསྐྱེད་གླིང་པས་བསྟན་དང་རྒྱལ་མཚན་སོགས། །སྩལ་ཏེ་དུས་ཀུན་བསྲུང་བར་ཞལ་གྱིས་བཞེས། །དེ་ནས་འདུ་ཁང་དུ་ཚོགས་པར་འབྱུང་འདུལ་དང༌། གུར་ལྷ་བརྒྱད་ཐུན་མོང་བ་སོགས་ཀྱི་རྗེས་གནང་བྱས། མང་ཇ་སྤྱི་འབུལ་དང་སློབ་དཔོན་ལ་ཚན་གྲངས་སོགས་རྒྱས་པར་ཞུས། བླ་བྲང་ནས་ཀྱང་གཞིས་ལེན་གཟབས་རྒྱས་གནང་བྱུང་ཞིང༌། སྤྱིར་སྒེར་ཚང་མས་སྟེར་སྦྱིན་གཟབས་པར་མཛད་དེ་ཞག་གཉིས་བསྡད། ཕྱི་ཉིན་སྡུ་ཕུད་ཆོས་འཁོར་དུ་འབྱོར། བསུ་བ་སོགས་གཞན་དང་མ་འདྲ་བར་བྱུང་ཞིང༌། འབྱོར་འཕྲལ་གཞིས་ལེན་ཀྱང་རྒྱས་པར་མཛད། ཐུབ་དབང་དང་དཔལ་མོ་གསེར་གྱི་སྙིང་ཐག་ཅན་སོགས་རྟེན་རྣམས་ཞིབ་པར་མཇལ་ཞིང་མཆོད་པ་སྙན་དར་རྒྱས་པ་ཕུལ་ཏེ་བསྟན་འགྲོའི་དོན་དུ་སྨོན་ལམ་ཡིད་ཚིམ་པར་བཏབ། གྲྭ་ཚང་བཅས་སྤྱི་སྒེར་ཚང་མས་སྟེར་ཆ་གཟབས་རྒྱས་མཛད། མང་ཇ། བྱིན་རྟེན། སྔགས་མདུད་སོགས་དང་ཚོགས་སུ་འབྱུང་འདུལ། གུར་མགོན། ཚེ་དབང་སོགས་