[A:༣༠༠]དང༌། ཐུགས་བཞེད་ཀྱི་ཆོས་མང་བར་ཡང་ཕུལ། ཕྱི་ཉིན་གྲ་ཐང་དུ་འབྱོར་པར་བསང༌། དར་འཕྱར། བསུ་བ་སོགས་བྱུང་ཞིང༌། བླ་བྲང་དུ་བསྡད་པར་བསྙེན་བཀུར་ཤིན་ཏུ་གཟབས་པ་བྱུང༌། མང་ཇ་སོགས་གང་ལ་གང་འཚམས་ཀྱིས་ཚང་མས་མཉེས་པར་བྱས་ཤིང༌། སོ་སོ་ནས་དར་རས་སྣམ་ཕྲུག་སོགས་སྟེར་ཆ་མང་བར་མཛད། ཀུན་རིག །ཚེ་དཔག་ལྷ་དགུ། ཚེ་དབང་སོགས་ཐུགས་འདོད་ལྟར། ཞག་གཅིག་བསྡད། ཕྱི་ཉིན་གཙུག་ལག་ཁང་དང་ལྷ་ཁང་སོ་སོར་སྙན་ཤལ་དང་མཆོད་པ་རྒྱས་པར་ཕུལ་ཞིང་སྨོན་ལམ་བཏབ། རྟེན་མཆོད་རྣམས་བྱིན་ཆགས་ཤིང་དངོས་གཙང་བར་འདུག །ཞང་བློན་ཆེན་པོའི་གསོབ་ལ་སྙན་དར་དང་ཕྲིན་བཅོལ་ཞུས། དེ་ནས་གྲ་ཕྱི་ཚོགས་སུ་ཕྱིན། མཁན་པོ་བསུ་བར་ཕེབ་ཅིང་དར་འཕྱར། བསང་སོགས་གང་རྒྱས་པར་མཛད། སླེབས་འཕྲལ་གཞིས་ལེན་དང་སྟེར་སྦྱིན་སོགས་རིམ་པར་བྱུང༌། མང་ཇ། སྤྱི་འབུལ། མཁན་པོར་འབུལ་བ་སོགས་གང་ལེགས་དང༌། སོ་སོར་སྔགས་མདུད། བྱིན་རྟེན་ཀྱང་ཕུལ། གོང་ས་ཆེན་པོ་ནས་བཀའ་དྲིན་བསྐྱངས་པའི་སྨན་བླའི་མདོ་ཆོག་གི་ལུང་དང༌། འདོད་ཆོས་ཁ་ཤས་ཀྱང་བྱས། པཎ་ཆེན་གྱི་སྐུ་འདྲ་ཕྱག་ནས་མ། རྫོགས་པའི་སངས་རྒྱས་ཀྱི་འཕེལ་གདུང༌། ཀརྨ་པ་དེ་བཞིན་གཤེགས་པས་ཚོགས་སུ་ཕུལ་བའི་ཚོགས་དུང་ཁྱད་མཚར་སོགས་རྟེན་མཆོད་འགངས་ཆེན་ཤིན་ཏུ་མང་བ་མཇལ་ཞིང༌། རྟེན་སོ་སོར་སྙན་དར་སོགས་གང་རྒྱས་ཕུལ་ནས། ཡིད་སྤྲུལ་གྱི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་རྣམ་ཐར་ལས་འགྲན་བཟོད་པར་སྤྲོས་ཤིང༌། ཕན་བདེ་འབད་མེད་དུ་འབྱུང་བའི་སྨོན་ལམ་དཔྱིས་ཕྱིན་པར་བཏབ། ཕྱི་ཉིན་ཇ་སར་བཀྲ་ཤིས་ཆོས་སྡེ་ནས་ཐབ་བསུ་འདུག་པ་དང༌། སྒེར་བ་ནས་ཀྱང་སྡེ་པ་རིན་པོ་ཆེས་ཚུར་ལམ་འོང་དགོས་པའི་ཕྱག་བྲིས་ཀྱང་བྱུང༌།