R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༤༠༢
[A:༤༠༢]པ་དང༌། དད་མོས་ཀྱིས་ཞབས་བརྟན། རྣམ་ཐར། ཐོབ་ཡིག །དབང༌། རྗེས་གནང༌། ཁྲིད། ཆོག་བསྒྲིགས་ཁ་ཤས་ཡོད་པ་ཐོ་ཆུང་ངུ་གསལ་བ་ལྟར་ཡིན། གཞན་མ་གླིང་ནས་མཁས་གྲུབ་ཆེན་པོ་བསམ་འགྲུབ་གླིང་མཁན་ཆེན་མཁྱེན་རབ་རིན་ཆེན་རྣམ་རྒྱལ་གྱི་སྤྲུལ་སྐུ་གཉིས། སྒོམ་བདེ་ཤོར་བུ་བ། མཁས་དབང་ཀུན་དགའ་སངས་རྒྱས་ཀྱི་སྤྲུལ་སྐུ། སྐྱི་ཚ་བླ་མ། རིམ་གཉིས་གཡེལ་མེད་ཐུབ་བསྟན་གྱི་སྤྲུལ་སྐུ། སོག་ཡུལ་ནས་བོ་རོད་སྐུ་སྐྱེ། འབའ་ནས་མཁྱེན་བསླབ་མཐར་སོན་འབུལ་དབོན་བླ་མ་བསོད་ནམས་ཀྱི་སྐུ་སྐྱེ། ངེད་རང་གི་མ་ཡུམ་སྐུ་སྐྱེ་སོགས། སྐུ་སྐྱེ་མང་ཙམ་ངོས་འཛིན་བྱས་པ་ཚང་མ་ཡིད་ཆེས་ཤིང་བསྟན་པ་ལ་ཕན་པ་བྱུང་སོང་བ་ནི་བླ་མ་དཀོན་མཆོག་གི་ཐུགས་རྗེས་མ་བསླུས་པར་སེམས། བྲ་ཡག་ཁང་གསར་སྟེང་གི་སྤྲུལ་སྐུའི་གསུང་བརྟག་གོང་ས་ཆེན་པོར་ཞུ་གྲོགས་དགོས་ཚུལ་གསུང་བ་བཞིན་སྙན་འབུལ་ཞུས་པས་བཀའ་དྲིན་བསྐྱངས་བྱུང་བ་ཕུལ་ཞིང༌། མི་ཉག་རི་ཁུང་སྤྲུལ་སྐུ་གོང་ས་ཆེན་པོར་སྙན་འབུལ་ཞུས་པས་གདན་སར་བསྐོ་གཞག་བཀའ་དྲིན་བསྐྱངས་སོང་བས་བསྟན་པ་ལ་ཕན་པ་བྱུང་སོང་ཞིང༌། གཞན་ཡང་ངོར་ཐུབ་བསྟན་སོགས། མདོར་ན་ས་ལུགས་ཀྱི་བླ་མ། དཔོན་ཁག །དགོན་སྡེ། གྲྭ་རིགས། ཡོན་བདག་སོགས་ཚང་མར་སྔར་བབས་བཞིན་འོང་བའི་གོང་ས་ཆེན་པོ་ཡས་ཕྱིན་གྱི་བཀའ་ཤོག་རིན་པོ་ཆེ་ཞུས་པས་བསྟན་པ་དང་ཚང་མར་ཕན་ཐོགས་ཆེ་བསམ་པའང་དུ་མ་བྱུང་སོང་ངོ༌། །རང་ཉིད་འདིར་སྣང་བྱ་བས་བློ་བྲིད་པའི། །སྣ་ཚོགས་འཁྲུལ་པའི་གཏམ་ལ་རྟོགས་བརྗོད་དུ། །བཏགས་པའི་གླེགས་བམ་སྒྲོ་སྐུར་བྲལ་བ་འདི། །གུས་ལྡན་བཞེད་པ་བསྐང་ཕྱིར་ལྷུག་པར་བཀོད། །སྔོན་