[A:༡༡༣]རྗེ། །སྙན་བརྒྱུད་བྱེ་བའི་མཛོད་འཛིན་རིགས་ཀུན་བདག་པོ་ཚར་པ་ཞེས། །མཁས་གྲུབ་ཉིན་བྱེད་སྣང་བར་བདག་བློའི་པདྨོ་ཅིས་མི་འཛུམ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་སྣང་བརྙན་ནི། །རབ་འབྱམས་དཀྱིལ་འཁོར་གཙོ་བོ་ཧེ་རུ་ཀཿ །ཞིང་འདིར་ཐུབ་བསྟན་འཛིན་ཕྱིར་ངུར་སྨྲིག་གར། །རྣམ་རོལ་འདྲེན་མཆོག་བཟང་པོ་ཁུ་དབོན་རྒྱལ། །སྙན་བརྒྱུད་ཟབ་དོན་རིན་ཆེན་དབང་གི་རྒྱལ། །རྒྱ་ཆེན་བསོད་ནམས་མཆོག་གི་གྲུ་རྫིང་གིས། །འདྲེན་མཁས་གྲུབ་པའི་ལམ་སྟོན་དྲིན་ཆེན་རྗེ། །སྙིང་ནས་འདུད་དོ་བྱང་ཆུབ་བར་དུ་སྐྱོངས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་དགའི་མཚན། །དེ་སྲས་མཁྱེན་བརྩེའི་བདག་ཉིད་བསོད་ནམས་དབང༌། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་སྔགས་འཆང་རྗེ། །ཀུན་དགའ་བཀྲ་ཤིས་འབྲལ་མེད་གཙུག་ན་བཞུགས། །འཇམ་མགོན་ཐུན་མཚམས་གོས་འཆང་བྱམས་པའི་མཚན། །