R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༤༧
[A:༤༤༧]མཆོད་སྤྲིན་དུ་ཕུལ་བར་མངོན། ཞིང་ལ་ཕེབ་ནས་ཟླ་བ་གཅིག་གི་བར་དུ་མེ་ཏོག་གི་ཆར་དཀར་དམར་སེར་སྔོ་ལྗང་སོགས་སྣ་ལྔའི་རིགས་བྱེད་ལས་དཀར་དམར་གཉིས་ཤིན་ཏུ་མང་བ་དང་བཅས་རྒྱུན་བསྟར་ཆད་མེད་དུ་བབ་ཅིང༌། འཇའ་སྤྲིན་གྱི་མཆོད་པའི་བྱེ་བྲག་གི་གཟུགས་བརྙན་སོགས་ལྟས་ངོ་མཚར་བ་ཆེས་མང་བ་ཞིག་བྱུང་སོང་གཤིས། ཆོས་སྡེ་ཆེན་པོ་འདི་ཁའི་གྲྭ་ཕོ་མོ་བྲན་སོགས་རྒན་གྲས་ཉམས་ཡོད་ཕལ་ཆེར་གྱིས་དག་ཞིང་དུ་གཤེགས་པ་ཤེས་ཚོད་དུ་འདུག་ཀྱང༌། དམ་པ་གང་གི་ཐུགས་རྗེས་གསང་རྒྱར་གནོད་པ་ནི་གཏན་ནས་མ་བྱུང་ཞིང༌། ཧོར་ཟླ་དྲུག་པའི་ཉེར་གཅིག་གི་དགོང་མོ་མཆོག་སྤྲུལ་རིན་པོ་ཆེ་ལྷ་ས་ནས་ཕེབ་པ་རྒྱ་མཚོ་བཅས་དཔོན་གཡོག་གཉིས་དང༌། བཅོ་བརྒྱད་རང་གི་ནང་སྐོར། ཆོས་སྡེ་ཆེན་པོའི་འདི་ཁའི་གཟིམས་འོག་དཔོན་སློབ་དབུ་ཆོས་སོགས་ཀྱིས་གཙོས་མི་སྣ་ལས་ཚན་རྣམས་དང་བཅས་པར་གསང་རྒྱ་བཀྲོལ་ཞིང༌། དགོངས་རྫོགས་སོགས་ཀྱི་བཅའ་གཞིའི་བསླབ་སྟོན་རྣམས་ཞིབ་པར་ཞུས། རིན་སྡིངས་ཀྱི་ཨ་ཅེ་ལགས་ཞང་ངོ་གཉིས་སོགས་བཅོ་བརྒྱད་རང་གི་ཞལ་ངོ་གསང་རྒྱར་མེད་པ་རྣམས་དང༌། དགོན་ཁག་རྣམས་སུ་ཆོས་སྡེ་འདི་ཁ་ལྟ་བུའི་ལས་ཚན་ལ་ཞུས་པས་གོ་མ་ཆོད་ཅིང་དུ་ཆོམ་སོགས་ཀྱི་སྐོར་ལ་འཕྲོས་པ་ཞིབ་བརྟགས་ཤིག་མ་བྱས་ཚེ། བསླབ་སྟོན་ཞལ་ཆེམས་དང་འགལ་དོགས་བཅས་ནས་སོ་སོར་མི་དོ་ཆོད་བཏང་སྟེ། ཕྱི་ཉིན་མཆོད་འབུལ་དུ་ཚོགས་པའི་བརྡ་འགྲེམས་ཀྱི་བཀོད་པ་མཐར་ཕྱིན་པར་བྱས། ཉེར་གཉིས་ཀྱི་ཉིན་མཆོད་འབུལ་ཞག་གསུམ་དུ་ཆོས་སྡེ་ཆེན་པོ་འདི་ཁ་གཙོ་བོར་གྱུར་པའི་དགེ་འདུན་སུམ་བརྒྱ་སྐོར་ལ་བསྙེན་བཀུར་ཕུན་སུམ་ཚོགས་པར་ཞུས་ཤིང༌། འདི་