[A:༤༤༦]མེད་རྔོག་སྟོན་ཆེན་པོ་གཙོ་བོར་གྱུར་པའི་གཟིམས་ཆུང་སྟེང་གི་གསང་རྒྱར་ཡོད་པ་རྣམས་ཀྱིས་ཉིན་བསྟར་གོང་གི་བླ་མཆོད་སོགས་ཆག་མེད་དུ་བསྒྲུབ་པ་སོགས་ཀྱི་བཀོད་པས་ཁྱབ་པར་བགྱིས་ཏེ། ངེད་རང་གཞུང་ས་ཆེན་པོ་ནས་རྒྱལ་པོ་དང་སྡེ་སྲིད་ཁྲིར་བཀོད་གནང་བའི་ལེགས་འཕུལ་དུ་རྒྱལ་ཁབ་ཆེན་པོར་བཅར་ཞིང༌། དེའི་རིང་དུས་ཆེན་ཁག་གསུམ་དང༌། སྐུ་ཚིགས་དང་པོ་བཅས་ལ་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱིས་དབུས། འཕེན་ཡུལ་གྱི་དགོན་ཆེ་ཁག་རགས་རིམ་དང༌། ངེད་རང་གི་དགོན་ཁག་བཅས་ལ་མང་ཇ་ཁ་ཤས་སྐུ་རིམ་གྱི་ཚུལ་དུ་བསྒྲུབས་འདུག །ངེད་རང་ལྷ་སར་སྡོད་སྐབས་ཡིད་མི་བདེ་བའི་སྟབས་ཀྱིས་བྲེལ་བ་ཆེར་མེད་དུས་གླིང་ཁར་ཕྱིན་ཏེ། ཕ་བླ་མ་རིགས་ཀུན་བདག་པོ་ཉིད་ལ་གསོལ་འདེབས་སོགས་ཉམས་ལེན་ལ་འབད་པར་བྱས་པའི་ཚེ། རྒྱུན་གྱི་དབང་པོའི་ཐད་ནས་ངེད་གར་ཡོད་སར་འཇའ་སྤྲིན་གྱི་སྣེ་མོ་མདུང་ཚུགས་སུ་ཟུག་པ་དང༌། མེ་ཏོག་གི་ཆར་ཆིལ་ཆིལ་བབས་པ་སོགས་བྱུང་ཞིང༌། གསང་རྒྱའི་རིང་དངོས་ཉམས་རྨི་ལམ་དུ་ཕ་བླ་མ་དེ་ཉིད་དང་ཡང་ཡང་མཇལ་བ་སོགས་བྱུང་བར་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་བརྡར་གོ །ལྷ་ས་ནས་འཁོར་ཏེ་བཀའ་ཆེམས་ཀྱི་གསང་རྒྱ་མ་གྲོལ་གོང་དུ་གདུང་ལ་བྱེ་ལྟེམས་ཞུས་པ་དེ་ཉིད་ཚྭས་བརྗེས་ན་ཕུན་སུམ་ཚོགས་པར་སེམས་ནས་གདུང་ཁང་ཞལ་ཕྱེས་ཏེ་སྒྲོམ་ནང་ནས་ཡིད་བཞིན་ནོར་བུ་ལས་ཆེས་ཆེར་ལྷག་པའི་སྐུ་གདུང་རིན་པོ་ཆེ་སྤྱན་དྲངས་ཏེ་སྒྲོམ་ནང་གི་བྱེ་མ་རྣམས་ཚྭས་བརྗེས་ནས་སྔར་རྒྱུན་ལྟར་བཞུགས་སུ་གསོལ། འདི་ཉིན་འཇའ་སྤྲིན་དང་མེ་ཏོག་གི་ཆར་སོགས་དུས་རྒྱུན་ལས་ཆེས་ཆེར་ལྷག་པ་བབས་པ་ནི་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་གདུང་ཁང་ཞལ་ཕྱེ་བའི་