[A:༢༩༧] །དབུས་སུ་གདན་དྲངས་ཚུལ་སོགས་ཡུམ་མཆོག་ཕུན་ཚོགས་སྒྲོལ་མས་གསུངས་པ་བཞིན་བཙན་པར་བྱས། རྨོར་ཆེན་རྡོ་རྗེ་འཆང་གི་རྣམ་ཐར་ལའང་ཞིབ་ཏུ་དཔྱད། བཀའ་ཆོས་གསན་ཚུལ་རྣམས་གསན་ཡིག་ནས་ཁ་བསྐངས། ལྗགས་བསྙེན། ཆོས་འཆད། བསྟན་འཛིན་གྱི་སྐྱེས་བུ་བསྐྲུན་པ་སོགས་གང་ཟིན་བཀོད་ཅིང༌། མྱ་ངན་འདས་བྱུང་དང༌། དགོངས་རྫོགས་ཀྱི་སྐོར་རྣམས་ནི་རྒྱུས་ཡོད་པ་བཅས་རྣམ་ཐར་ཐོག་མཐའ་བར་གསུམ་ལ་ཟིན་བྲིས་ཞིབ་མོ་ཞིག་ཕྱག་མཛོད་འཇམ་དཔལ་གྱིས་བསྐུལ་བ་བཞིན་བཏབ་འདུག་པ་གཙོ་བོར་བཟུང༌། ངེད་རང་ལ་རྒྱུས་ཡོད་པ་རྣམས་དང༌། དེར་མ་འཐུས་པ་རྣམས་གཞི་དགོན་མཁན་ཆེན་བསོད་ནམས་དཔལ་བཟང་དང༌། ཟངས་སྟན་བླ་མ་རྫོང་རི་རབ་འབྱམས་པ་བྱམས་པ་ཕྲིན་ལས། འདར་གྲོང་མཁན་ཆེན་ངག་དབང་ཤེས་རབ། ཀ་ཡེ་རྗེ་དྲུང་སྐྱིད་པའམ། མིང་དངོས་འཇམ་དཔལ་རབ་རྒྱས་རྣམས་ལས་ཟིན་བྲིས་ཁུལ་བསྡུས་ཤིང༌། བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་ནས་ལེགས་ཆ་བླངས་ཏེ་བསྒྲིགས་ཁུལ་བགྱིས་པ་འདིའང༌། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་རང་ཉིད་རྣམ་འདྲེན་དམ་པ་དེ་ཉིད་ལ་མི་ཕྱེད་པའི་དད་པ་ཐོབ་པས་འདི་ལྟ་བུའི་རྣམ་པར་ཐར་པ་གཞན་གྱིས་སྦྱར་བའམ། རང་ཉིད་ཀྱིས་ལས་སུ་བྱ་བ་གང་རུང་ཞིག་འགྲུབ་ན་ཅི་མ་རུང་སྙམ་པའི་བློ་ཡོད་ཁར་རྣམ་འདྲེན་དམ་པ་དེ་ཉིད་ཀྱི་སྲི་ཞུ་བའི་གཙོ་བོ་འཇམ་དཔལ་རྒྱ་མཚོ་ནས་གོང་